ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་མགོ་འཛིན་བྱས་ཏེ་བྱང་ཤར་ས་ཁུལ་གྱི་ས་འོག་ཆུ་སྔོག་འདོན་ཚད་བརྒལ་ལེགས་བཅོས་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཤར་ས་ཁུལ་གྱི་ས་འོག་ཆུ་སྔོག་འདོན་ཚད་བརྒལ་ལེགས་བཅོས་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ཐེངས3པ་ཚེས3ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་བཟོ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། མུ་མཐུད་དུ་བྱང་ཤར་ས་ཁུལ་གྱི་ས་འོག་ཆུ་སྔོག་འདོན་ཚད་བརྒལ་ལེགས་བཅོས་བྱེད་ཐབས་དོན་འཁྱོལ་བྱེད་དགོས་ཞེས་བསྟན། 

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། བྱང་ཤར་ས་ཁུལ་གྱི་ས་འོག་ཆུ་སྔོག་འདོན་ཚད་བརྒལ་ལེགས་བཅོས་ལ་ཕན་འབྲས་མངོན་གསལ་བླངས་པ་དང་། 2020ལོར་ས་འོག་ཆུའི་ཆུ་གནས་དེ་ལོ་སྔོན་མ་ལས་སྤྱིའི་ཆ་ནས་སྨི0.23ཡར་འཕར་ཞིང་། ལོ་ངོ་མང་པོའི་རིང་མར་ཆགས་རྗེས་ཐོག་མར་ཡར་འཕར་བ་མངོན་འགྱུར་བྱུང་། དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱང་ཤར་ས་ཁུལ་གྱི་ས་འོག་ཆུ་སྔོག་འདོན་ཚད་བརྒལ་ལེགས་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ཡང་དག་ཡིན་པ་བདེན་དཔང་བྱས་པ་དང་། ལོ་རེ་ནས་ལོ་རེར་མཐུད་དེ་རྒྱུན་འཁྱོངས་ལྷོད་མེད་བྱས་ན། 《བྱང་ཤར་ས་ཁུལ་གྱི་ས་འོག་ཆུ་སྔོག་འདོན་ཚད་བརྒལ་ཕྱོགས་བསྡུས་ལེགས་བཅོས་བྱེད་པའི་བྱེད་ཐབས》ལས་བཏོན་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཁོ་ཐག་ཡིན་ཞེས་བསྟན།  

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། རྗེས་མར་ལེགས་བཅོས་ལས་འགན་སྔར་བཞིན་ལྕི་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཁ་གསབ་ལ་སྐུལ་འདེད་དང་། རྒྱུན་ལུགས་ཅན་གྱི་ཆུ་ཁ་གསབ་བྱས་ཏེ་སྨད་རྒྱུད་དུ་རྒྱ་བསྐྱེད་དེ། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོབ་ལ་ཤུགས་བསྣན་ནས། ཆུ་བོ་དང་མཚེའུ་སྐྱེ་ཁམས་མ་ལག་སླར་གསོ་བྱེད་དགོས། ཆུ་གྲོན་ཆུང་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་། ཞིང་ལས་ཀྱི་ཆུ་གྲོན་ནུས་འདེགས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། དེ་མིན་བཟོ་ལས་ཐད་ཀྱི་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། མཁར་གྲོང་གི་ཆུ་གྲོན་ཆུང་དང་གནོད་སྐྱོན་ཇེ་ཆུང་དུ་བཏང་ནས། ཆུ་ཟད་གྲོན་ཆེ་བའི་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ནན་མོ་བྱེད་དགོས། ཁྱོན་ཡོངས་ནས་ཆུའི་ཐོན་ཁུངས་ཀྱི་རྩ་བའི་ཚོད་འཛིན་ཤུགས་དྲག་ཏུ་བཏང་སྟེ། ཆུ་ཡིས་གྲོང་ཁྱེར་གཏན་འཁེལ་དང་ཆུ་ཡིས་ས་གནས་གཏན་འཁེལ། ཆུ་ཡིས་མི་གཏན་འཁེལ། ཆུ་ཡིས་ཐོན་ལས་གཏན་འཁེལ་བཅས་བྱས་ནས། ས་འོག་ཆུ་སྔོག་འདོན་ཚད་བརྒལ་དང་། རྨ་ཆུ་དང་ཧའེ་ཧུ་ཆུ་བོ་བེད་སྤྱོད་ཚད་བརྒལ་ཚོད་འཛིན་ནན་མོ་བྱས་ཏེ། ཆུའི་ཐོན་ཁུངས་གཅིག་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྱོན་ཡོངས་ནས་ཧའེ་ཧུ་ཆུ་བོའི་བཞུར་ཁོངས་ཀྱི་ཆུ་ལོག་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་ལེགས་པོ་བྱས་ནས། བྱ་བ་ཞིབ་ཚགས་གནད་དུ་ཐིངས་པ་བྱས་ཏེ། བདེ་འཇགས་ངང་ཆུ་ལོག་རྒྱུགས་པའི་དུས་སྐབས་བར་བརྒལ་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།