ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁའི་ཙུང་ཐུང་ཨ་པི་ན་ཏེའར་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁའི་ཙུང་ཐུང་ཨ་པི་ན་ཏེའར་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཏོ་སྨི་ནི་ཁའི་བར་ཕྱི་འབྲེལ་བཙུགས་ཚུན། ཏོ་སྨི་ནི་ཁས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩི་བཞིན་ཡོད་པས། ཀྲུང་གོས་དེ་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོ་དང་ཏོ་སྨི་ནི་ཁ་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་དང་ཕྱར་བ་གྲུ་འདེགས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཏོ་སྨི་ནི་ཁའི་རིམས་ནད་སྔོན་འགོག་གི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁྱོད་ཀྱིས་སྣེ་ཁྲིད་འོག་ཏོ་སྨི་ནི་ཁས་སྔ་མོ་ནས་རིམས་ནད་སྔོན་འགོག་ལས་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་འགྱང་བར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་མ་ཞུ་རྒྱུ་རེད། མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་པས། དེ་ནི་ཕྱོགས་མང་པོས་བཏོན་པའི“མི་དམངས་ལ་གཟིགས་སྐྱོང”བྱེད་པའི་སྲིད་སྐྱོང་འདུ་ཤེས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་པོ་དང་མཉམ་དུ་སྲིད་སྐྱོང་གི་འདུ་ཤེས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཐུན་མོང་གིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་པས།  ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་ཐོག་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོ་དང་ཏོ་སྨི་ནི་ཁ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མང་པོར་གོ་སྐབས་དེ་བས་མང་པོ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁ་ཕྱོགས་ཀྱིས་ཀྲུང་གོར་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཏོ་སྨི་ནི་ཁར་སོང་ནས་མ་འཇོག་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།  རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ཐུན་མོང་གིས་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་མང་པོས་ཀྲུང་གོ་དང་ཅ་ལེ་པི་དང་མེ་གླིང་དབུས་མའི་རྒྱལ་ཁབ་ཀྱི་འབྲེལ་བ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྤྱི་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རོགས་ཞེས་བསྟན།

ཨ་པི་ན་ཏེའར་གྱིས་བཤད་རྒྱུར།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་ལྷག་བསམ་ཟོལ་མེད་ངང་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་སྨན་བཅོས་དངོས་ཟོག་དང་རིམས་འགོག་སྨན་ཁབ་ཀྱིས་ཏོ་སྨི་ནི་ཁས་པྲོག་གསར་གློ་ཚད་འགོག་རྒོལ་བྱེད་པར་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཡོད་པས། ཕྱོགས་སོ་སོས་དེའི་ཐད་བཀའ་དྲིན་ཞུ་བཞིན་ཡོད། ཕྱོགས་སོ་སོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།