ལི་ཀྲན་ཧྲུའུ་ཡིས་སུའོ་ལུའོ་མོན་གླིང་ཚོམ་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨའོ་ཏི་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་སུའོ་ལུའོ་མོན་གླིང་ཚོམ་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨའོ་ཏི་དང་གྲོས་མོལ་གནང་བ་རེད། 

པར་འདི་ནི་ཟླ6པའི་ཚེས2ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་སུའོ་ལུའོ་མོན་གླིང་ཚོམ་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨའོ་ཏི་དང་གྲོས་མོལ་གནང་བའི་ཚུལ་རེད། 

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་སུའོ་ལུའོ་མོན་གླིང་ཚོམ་གྱིས2019ལོར་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་འབྲེལ་བ་དངོས་སུ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས། ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའོ་ལུའོ་མོན་གླིང་ཚོམ་གྱི་མགོ་ཁྲིད་ཀྱི་ཐུན་མོང་གི་སྣེ་ཁྲིད་འོག་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ལ། མི་དམངས་བར་གྱི་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡང་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད། རྒྱལ་ཁབ་གཉིས་པོས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་སྒོས་རིམས་ནད་འགོག་བཅོས་བྱས་ནས་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོར་གྱུར་ཡོད། ཀྲུང་གོས་སུའོ་ལུའོ་མོན་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་བར་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་འདོད་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་བསམ་ཚུལ་བཟུང་ཡོད་ལ། སུའོ་ལུའོ་མོན་གྱིས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་བདམས་པར་བརྩི་འཇོག་བྱས་ནས། སུའོ་ལུའོ་མོན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོས་སུའོ་ལུའོ་མོན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ཞུས་ནས་ཐའེ་ཝན་དང་། ཤིན་ཅང་། ཤང་ཀང་སོགས་དང་འབྲེལ་བའི་ཀྲུང་གོའི་རྩ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོས་སུའོ་ལུའོ་མོན་གྱི་མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་ཐད་མུ་མཐུད་དུ་མཐུན་སྒྲིལ་བྱས་ནས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་སྟེ་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དགོངས་ཞུ་དྲན་ཐོ་འཛུགས་པའི་རྨང་གཞིའི་ཐོག རྨང་གཞིའི་སྒྲིག་བཀོད་དང་ཞིང་ནགས་ཉ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སློབ་གསོ་དང་རིག་གནས། ས་གནས། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་འགྲོ་འོང་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་པོའི་ཡུན་རིང་མཛའ་མཐུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས། 

ཨའོ་ཏིས་བཤད་རྒྱུར། སུའོ་ལུའོ་མོན་གླིང་ཚོམ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། སུའོ་ལུའོ་མོན་གྱིས་ཀྲུང་གོ་དང་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱས་ནས་མཐའ་གཅིག་ཏུ་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ཡིན། རིམས་ནད་འགོག་རྒོལ་བྱེད་པ་སོགས་ཀྱི་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། སུའོ་ལུའོ་མོན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འབྲེལ་འདྲིས་མཉམ་ལས་བྱ་བར་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་དང་མི་དམངས་ཀྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མིང་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།