ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་པེ་ཅིང་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས1ཉིན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་པེ་ཅིང་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་བྱ་བའི་འཕེལ་རིམ་ལ་སྤྱི་སྡོམ་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་བྱས་རྗེས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་གནད་འགག་གཉིས་དང་དམ་པོར་སྦྲེལ་ཞིང་ཏན་ཏན་ཏིག་ཏིག་སྒོས་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་ནས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། རྨང་གཞིའི་སྒྲིག་ཆས་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། མཉམ་ལས་བྱས་ཏེ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་འགྲོ་བར་མཉམ་ལས་སྒོ་འབྱེད་བྱས་ནས། རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་སྐྲུན་ནུས་པ་མྱུར་དུ་ཇེ་ཆེར་བཏང་ནས་ཁེ་ལས་ཀྱི་གསར་སྐྲུན་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་བྱེད་པར་ཤུགས་བསྣན་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉེན་གཏོང་གློག་བརྙན་ལས་ཤེས་པའི་གནད་དོན་ལ་ནན་ཏན་སྒོས་དག་ཐེར་དང་བཅོས་སྒྱུར་བྱེད་དགོས། ཁང་བ་ནི་འདུག་ས་ཡིན་པ་ལས་ཁེ་སྤོགས་བཙལ་སྤྱད་མིན་པའི་གཏན་གནས་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་བསྟུན་ཇུས་བསྟར་བྱས་ཏེ་ཁང་སའི་རིན་གོང་དང་ཁང་བའི་རིན་གོང་བརྟན་འཇགས་སུ་གཏོང་དགོས། མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཟེར།

ལིས་ཆང་དང་ཧི་ལིས་ཧྥིན་གཉི་ཀ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།