ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཞིན་ཨན་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཞིན་ཨན་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་ལ་རང་ངོས་འཚར་ལོངས་ཀྱི་དོན་དངོས་དང་སྦྲེལ་ཏེ་ཆུང་དུས་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བཟང་བོ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་བརྟན་པོར་འཛུགས་པའི་སྐུལ་ལྕག་གནང་ཞིང་། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས30ཉིན་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཞིན་ཨན་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་དང་། ཁོང་ཚོ་དང་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས།  

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བཤད་རྒྱུར། ཁྱེད་ཚོའི་སློབ་གྲྭ་ནི“ཞིན་ཨན་ཡུལ་སྐོར་ཚོགས་པ”ཡི་མ་ཡུམ་སློབ་གྲྭ་ཡིན་པས། ཁྱེད་ཚོས་འཕྲིན་ཡིག་ནང་སློབ་གྲྭའི་གསར་བརྗེའི་ལོ་རྒྱུས་ཀྱི་གཟི་བརྗིད་ཀྱི་བསམ་པ་མཚོན་ཡོད་ལ་ཁྱེད་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཀྱང་བརྗོད་ཡོད།  

ཞི་ཅིན་ཕིང་གིས་བསྟན་དོན། ལོ་དེར། ཏང་གི་ཐུགས་ཁུར་དང་མགོ་ཁྲིད་འོག “ཞིན་ཨན་ཡུལ་སྐོར་ཚོགས་པ”དཀའ་ངལ་ལ་མི་སྐྲག་པར་ཀྲུང་གོའི་ཕྱེད་ཙམ་རྐང་པས་འཇལ་ཞིང་། རིག་རྩལ་མཚོན་ཆར་བྱས་ནས་མང་ཚོགས་ཀྱི་འཇར་འགོག་རྒྱལ་སྐྱོབ་ལ་འབོད་སྐུལ་བཏང་སྟེ་ཏང་གི་དགོངས་དོན་དྲིལ་བསྒྲགས་བྱས་ནས་རྒྱལ་གཅེས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད། རེ་བ་ནི་ཁྱེད་ཚོས་རང་ཉིད་འཚར་ལོངས་ཀྱི་དོན་དངོས་དང་སྦྲེལ་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ། དཔའ་བོ་དང་དཔེ་བཟང་མི་སྣ་མིག་དཔེར་བཟུང་ཞིང་། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་པོ་བཅངས་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ། ཕུགས་བསམ་བཙུགས་ནས་ཀུན་སྤྱོད་ལེགས་པོ་ཆགས་པ་དང་འཇོན་ཐང་ཆེ་རུ་བཏེགས་ནས་ཀུན་སྤྱོད་མཛེས་པ་དང་བློ་རིག་ལེགས་པ། ལུས་རྩལ་ལྡན་པ། མཛེས་དཔྱོད་ཡག་པ། ངལ་རྩོལ་ལ་དགའ་བ་སོགས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས། 

ཞིན་ཨན་སློབ་ཆུང་ནི་མི་དམངས་སློབ་གསོ་བ་ཐའོ་ཞིན་ཀྲི་ཡིས1929ལོར་བཙུགས་པ་རེད། 1935ལོའི་ཟླ10པར། སློབ་གྲྭ་དེའི་སློབ་མ14ཡིས“ཞིན་ཨན་ཡུལ་སྐོར་ཚོགས་པ”བཙུགས་ཏེ། རིག་རྩལ་མཚོན་ཆར་བྱས་ཏེ་འཇར་འགོག་རྒྱལ་སྐྱོབ་དྲིལ་བསྒྲགས་བྱས། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་སོགས་གསར་བརྗེ་རྒན་རབས་པའི་ཐུགས་ཁུར་དང་མཛུབ་སྟོན་འོག “ཞིན་ཨན་ཡུལ་སྐོར་ཚོགས་པ”ཡིས་ཧུར་ཐག་གིས་ཏང་གི་བཞེད་དགོངས་དྲིལ་བསྒྲགས་བྱས། ལོ17རིང་ལ་ལམ་ཐག་ལེ་དབར་ཁྲི5ལ་བསྐྱོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན22ལ་རྐང་རྗེས་བཞག་ནས་ཧུར་ཐག་གིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་རྒྱལ་ཡོངས་བཅིངས་འགྲོལ་ཐོབ་ཆེད་བྱས་རྗེས་བཞག ཉེ་ཆར། ཞིན་ཨན་སློབ་ཆུང་ལོ་རིམ་ལྔ་པའི་རུ་འབྲིང(8)པའི་ལོ་ཆུང་གདོང་ལེན་རུ་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་སློབ་གྲྭའི་ལོ་རྒྱུས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པའི་གྲུབ་འབྲས་དང་མྱོང་ཚོར་སྙན་སེང་ཞུས་ཏེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དུས་རབས་གསར་པའི་ན་གཞོན་ཡག་པོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་རྒྱུའི་ཆོད་སེམས་མཚོན་པར་བྱས། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།