ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་འཚོགས་ཤིང་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་རིང་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་སྲིད་ཇུས་དང་བྱ་ཐབས་གལ་ཆེན་གྱི་སྙན་ཞུར་གསན་ཞིང《བུ་བཙའི་སྲིད་ཇུས་ལེགས་བཅོས་བྱས་ནས་མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས》 ལ་གྲོས་ཞིབ་བྱས། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་རིང་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་སྲིད་ཇུས་དང་བྱ་ཐབས་གལ་ཆེན་གྱི་སྙན་ཞུར་གསན་ཞིང《བུ་བཙའི་སྲིད་ཇུས་ལེགས་བཅོས་བྱས་ནས་མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས》 ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཚོགས་འདུས་བསྟན་དོན། ཧུར་ཐག་གིས་མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་རྒྱུ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་ལ་འབྲེལ་བས། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་གིས་ཏང་ཀྲུང་དབྱང་གི་མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྤྱི་ཚོགས་འགན་སྲུང་མ་ལག་དང་རྒན་གསོ་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་བས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 

ཚོགས་འདུས་ནན་གྱིས་བསྟན་དོན། ཧུར་ཐག་གིས་མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། འབྲེལ་ཡོད་སྲིད་ཇུས་མ་ལག་དང་ལམ་ལུགས་ཀྱི་སྒྲོམ་གཞི་མགྱོགས་མྱུར་ངང་བཙུགས་ཤིང་འཐུས་ཚང་དུ་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ཕྱིར་འགྱངས་བྱ་རྒྱུ་ལག་བསྟར་བརྟན་པོ་བྱས་ཏེ། ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་གཅིག་གྱུར་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིམ་པ་མང་བའི་རྒན་གསོའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དུས་ཡུན་རིང་པོའི་ནད་སྐྱོང་འགན་བཅོལ་ལམ་ལུགས་ཀྱི་སྒྲོམ་གཞི་འཚོལ་ཞིབ་དང་སྒྲིག་འཛུགས་བྱེད་པ། ཁྱིམ་སྡོད་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་དང་ཁམས་གསོ། འཚོ་སྐྱོང་བཅས་ཟུང་དུ་འབྲེལ་བའི་རྒན་གསོའི་ཞབས་ཞུའི་མ་ལག་དང་བདེ་ཐང་འདེགས་སྐྱོར་མ་ལག་གང་མགྱོགས་ཀྱིས་བཙུགས་ནས་ན་རྒས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་བདེ་གསོ་ཟུང་འབྲེལ་ཡིན་པའི་རྒན་གསོའི་ཞབས་ཞུའི་མ་ལག་དང་བདེ་གསོའི་འདེགས་སྐྱོར་མ་ལག་བཙུགས་ནས། ན་རྒས་ཐོན་ལས་གོང་སྤེལ་དང་། ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོའི་བགྲེས་པོར་འཚམ་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་ཏན་ཏིག་སྒོས་རྒན་རྒོན་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ན་རྒས་ལས་དོན་གྱི་མ་ལག་འཐུས་ཚང་དང་། ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།  ན་རྒས་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་ནོར་སྲིད་ཀྱི་མ་འཇོག་སྲིད་ཇུས་དང་ཐབས་ལམ་མང་པོས་མ་དངུལ་གྲབས་གསོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་འབོར་ན་རྒས་ཅན་ལ་དགོས་ངེས་ཀྱི་འགན་ལེན་བྱེད་དགོས། 

ཚོགས་འདུས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་བབ་ལ་གཞིགས་ནས། ཕྲུ་གུ་གཉིས་ལས་མེད་པ་དང་ཁྱོན་ཡོངས་ནས་ཕྲུ་གུ་གཉིས་ལས་མེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔ་རྗེས་སུ་བཏོན་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། དུས་མཚུངས་སུ། རང་རྒྱལ་གྱི་མི་འབོར་བསྡོམས་འབོར་ཧ་ཅང་མང་ཞིང་། ཉེ་བའི་ལོ་འགའི་རིང་མི་འབོར་ན་རྒས་ཅན་གྱི་ཚད་ཐིག་གཏིང་ཟབ་ཏུ་ཕྱིན་ཡོད། བུ་བཙའི་སྲིད་ཇུས་སྔར་བས་ཇེ་ལེགས་སུ་བཏང་སྟེ་ཁྱོ་ཤུག་རེས་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པའི་སྲིད་ཇུས་དང་མ་ལག་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས་ན། རང་རྒྱལ་གྱི་མི་འབོར་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་། མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་འཁྱོངས་བྱེད་པ་བཅས་ལ་ཕན་པ་ཡོད། 

ཚོགས་འདུས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་འདོམས་འཆར་འགོད་དང་སྲིད་ཇུས་མཐུན་སྦྱོར། ལས་དོན་དོན་འཁྱོལ་བཅས་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་ཕྲུ་གུ་གསུམ་སྐྱེ་ཆོག་པའི་བུ་བཙའི་སྲིད་ཇུས་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་སྲིད་ཇུས་མ་ལག་ཚང་བའི་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གལ་ཆེན་གྱི་མི་འབོར་ཤུགས་རྐྱེན་དཔྱད་དཔོག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གཉེན་སྒྲིག་དང་བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་གཞི་གཅིག་ལ་བསམ་གཞིགས་བཏང་ནས། གཉེན་སྒྲིག་ན་ཚོད་ལོན་པའི་གཞོན་ནུའི་གཉེན་སྒྲིག་ལྟ་བ་དང་ཁྱིམ་ཚང་ལྟ་བར་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཉེན་སྒྲིག་གི་གོམས་གཤིས་ངན་པ་དང་གཉེན་རྟེན་མཐོན་པོ་ལེན་པ་སོགས་སྤྱི་ཚོགས་ཀྱི་གོམས་སྲོལ་ངན་པ་བཅོས་སྒྲིག་བྱས་ནས་ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཀུན་ཕན་བཅོལ་གསོ་ཞབས་ཞུའི་མ་ལག་འཕེལ་རྒྱས་བཏང་ནས་སློབ་གསོ་འདྲ་མཉམ་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྱིམ་ཚང་གི་སློབ་གསོའི་འགྲོ་གྲོན་ཇེ་ཉུང་དུ་གཏོང་དགོས། བུ་བཙའི་གུང་གསེང་དང་བུ་བཙའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཁྲལ་བསྡུ་དང་སྡོད་ཁང་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལ་ཤུགས་བསྣན་ནས་བུད་མེད་ལས་ཞུགས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་དགོས། ཕྲུ་གུ་གཉིས་ཀྱི་སྲིད་ཇུས་ལེགས་སྒྲིག་མ་བྱས་གོང་དུ་ཕྲུ་གུ་གཅིག་ལས་མེད་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ། ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱ་དགའ་རོགས་སྐྱོར་ལམ་ལུགས་དང་གཟིགས་སྐྱོང་སྲིད་ཇུས་ཁག་མུ་མཐུད་དུ་ལག་བསྟར་བྱེད་དགོས། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་ཁྱོན་ཡོངས་ནས་རོགས་སྐྱོར་དང་འགན་སྲུང་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་རྩ་འཛུགས་བྱས་ནས་ཐེ་ཞུགས་བྱས་པའི་རོགས་སྐྱོར་དང་གཟིགས་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ལེགས་པོ་བྱེད་དགོས། རྒྱལ་ཁབ་མི་འབོར་གྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཐབ་ཇུས་དང་ས་ཁོངས་ཀྱི་མི་འབོར་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་མི་འབོར་དུས་ཡུན་རིང་པོར་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།