“བདུན་གཅིག་གཟེངས་རྟགས”ཀྱི་འོས་སྦྱོར་མིང་ཐོའི་ནང་བོད་པ་གཅིག་བདམས་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་གཟེངས་རྟགས་ལས་དོན་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གིས“བདུན་གཅིག་གཟེངས་རྟགས”སྤྲོད་པའི་འོས་སྦྱོར་མིང་ཐོ་བདམས་ཡོད། དེའི་ནང་དུ་བོད་པ་གཅིག་བདམས་ཐོན་བྱུང་ཡོད། 

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན། ཏང་ཀྲུང་དབྱང་གིས་ཐོག་དང་པོར“བདུན་གཅིག་གཟེངས་རྟགས”སྤྲད་དེ་ཏང་དང་རྒྱལ་ཁབ་ལ་བྱས་རྗེས་བླ་མེད་བཞག་པ་དང་བསམ་པའི་དཔལ་ཡོན་ཕྱོགས་གྲུབ་འབྲས་རྩ་ཆེན་བསྐྲུན་པའི་ཏང་ཡོན་སྐོར་ཅིག་ལ་གཟེངས་རྟགས་སྤྲོད་རྒྱུ་ཐག་བཅད། དཔྱད་འདེམས་ལས་དོན་གྱི་བཀོད་སྒྲིག་ལྟར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོའི་ཏང་ཨུ་དང་འབྲེལ་ཡོད་ཀྲུང་དབྱང་ལས་ཁུངས་ཀྱི(མ་ལག)ཏང་ཨུ(ཏང་ཙུའུ)ཡི་འོས་སྦྱོར་རྨང་གཞི་སྟེང་། ཐོག་མའི་དཔྱད་འདེམས་དང་ཞིབ་དཔྱོད། བསྐྱར་ཞིབ་ཞིབ་འཇུག་བཅས་བརྒྱུད་དེ། འོས་མི29བདམས་ཡོད། དེའི་ཁྲོད་དུ་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་སྡེ་བའི་སྒྲོལ་དགའ་བདམས་ཐོན་བྱུང་ཡོད། 

སྒྲོལ་དགའ། མོ། བོད་རིགས། 1961ལོའི་ཟླ9བར་སྐྱེས། 1996ལོའི་ཟླ7པར་ཏང་གི་ནང་ཞུགས། བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་སྡེ་བའི་ཞིང་བ་ཞིག་ཡིན། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ(ལས་འགན་གཅིག་ལྕོགས)དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་བཅས་ཡིན། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་ཡིན་ལ། “རང་ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པའི་དད་སེམས་བརྟན་པོ་བཅངས་ནས་ལོ་ངོ་བཅུ་ཕྲག་གི་རིང་འགྱུར་བ་མེད་པར། མཐའ་མཚམས་ནས་ལུག་འཚོ་ཞོར་སྐོར་ཞིབ་བྱེད་པའི་རྣམ་པས་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་གི་རྒྱལ་ཁོངས་སྲུང་སྐྱོང་བྱས་པ་དང་། ཞབས་ཀྱིས་བཅག་པའི་ལམ་བུ་རེ་རེར་རྒྱལ་དར་འགེལ་བཞིན“དཀའ་ཚེགས་ཇི་ཙམ་ཆེ་ཡང་མེས་རྒྱལ་གྱི་ས་ཁོངས་རེ་རེར་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་པའི་ཁས་ལེན་ལག་ལེན་དུ་བསྟར་ཡོད། ཏང་གི་བཀའ་དྲིན་ཧུར་ཐག་གིས་སྒྲོག་སྦྱང་གནང་སྟེ། མང་ཚོགས་ཀྱིས་ཏང་གི་ཁ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས།  “རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག”དང“དུས་རབས་ཀྱི་མིག་དཔེ”སོགས་ཀྱི་མཚན་སྙན་ཐོབ་ཡོད། །


རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།