ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གོ་ལ་ཧྲིལ་པོའི་ལྗང་མདོག་དམིགས་ཚད་རོགས་ཟླའི2030ལོའི་དབུ་ཚོགས་སྐབས་གཉིས་པར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་བརྙན་ལམ་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་དམིགས་ཚད་རོགས་ཟླའི2030ལོའི་དབུ་ཚོགས་སྐབས་གཉིས་པར་ཞུགས་ཤིང་གསུང་བཤད་གནང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་བརྙན་ལམ་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་དམིགས་ཚད་རོགས་ཟླའི2030ལོའི་དབུ་ཚོགས་སྐབས་གཉིས་པར་ཞུགས་ཤིང་གསུང་བཤད་གནང་།  

ལི་ཁེ་ཆང་གིས་བསྟན་དོན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་མིན་པ་དང་གཏན་འཁེལ་མིན་པའི་ཁྱད་ཆོས་ཆེ་རུ་ཕྱིན་པས། གོ་ལ་ཧྲིལ་པོའི་སྐྱོན་བྲལ་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་དེ་འགྲན་སློང་དྲག་པོར་འཕྲད་ཡོད། དཀའ་ངལ་དང་རྡུང་རྡེག་གི་མདུན་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕན་ཚུན་རོགས་རེས་དང་དཀའ་སྡུག་མཉམ་མྱོང་བྱས་ནས་ཧུར་ཐག་གིས་འཕེལ་རྒྱས་དང་ལྗང་མདོག་གཉིས་ལ་འགལ་བ་མི་བྱུང་བའི་ལམ་བུ་བཙལ་ཏེ།  ཕན་ཚུན་སྐུལ་འདེད་བཏང་ནས་སྤུས་ཚད་མཐོར་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། 

ལི་ཁེ་ཆང་གིས་བསྟན་དོན། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཆ་ནས། ཀྲུང་གོས་དུས་རབས་འདིའི་དུས་དཀྱིལ་དུ་དེང་རབས་ཅན་མངོན་འགྱུར་བྱུང་ནས། ཀྲུང་གོ་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་པའི་བརྒྱུད་རིམ་ཁྲོད་ཐཱན་ཉུང་ལྗང་མདོག་གི་གོང་འཕེལ་མངོན་འགྱུར་ཡོང་དགོས། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔོན་བྱུང་མེད་པའི་དོན་དག་ཅིག་ཡིན་པས། དཀའ་སྤྱད་འབད་བརྩོན་བྱས་ན་ད་གཟོད་མངོན་འགྱུར་ཡོང་ཐུབ། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས2030ལོའི་སྔོན་ལ་ཐཱན་རྩེར་སོན་མངོན་འགྱུར་དང2060ལོའི་སྔོན་ལ་ཐཱན་སྙོམ་སྦྱོར་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཁྱབ་བསྒྲགས་གནང་ཡོད། ཀྲུང་གོས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཐཱན་ཉུང་ཆག་ཏུ་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་གཙོ་གནད་ཁ་ཕྱོགས་སུ་བཟུང་སྟེ་བཙོག་ཉུང་ཐཱན་ཉུང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ད་ལོའི་ཟླ10པར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གཙོ་གཉེར་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། 

ལི་ཁེ་ཆང་གིས་གྲོས་འགོ་གསུམ་བཏོན་ཡོད་དེ།  

གཅིག མཐུན་སྒྲིལ་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། རིམས་ནད་ཉིན་གཅིག་ལ་མཇུག་མ་བསྒྲིལ་ན། རྒྱལ་ཁབ་ཡོངས་བློ་བདེ་པོའི་ངང་ནས་འཕེལ་རྒྱས་ཡོང་དཀའ། ཐུན་མོང་གི་དགྲ་བོ་རིམས་ནད་ལ་ཁ་གཏོད་དུས་རྒྱལ་ཁབ་གང་ཞིག་གིས་ཀྱང་རང་ཉིད་གཅིག་པུའི་བྱ་བ་བསྒྲུབ་མི་ཐུབ། མཐུན་སྒྲིལ་མཉམ་ལས་ནི་རིམས་ནད་ལས་རྒྱལ་བའི་ལམ་བུ་ཡང་དག་ཅིག་རེད། ང་ཚོས་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་གཏང་དགོས། དེ་དང་ཆབས་ཅིག སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས“སྟབས་བདེའི་བགྲོད་ལམ”དང“ལྗང་མདོག་བགྲོད་ལམ”སོགས་སྟབས་བསྟུན་རྣམ་པས་གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བདེ་འཇགས་དང་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས། 

གཉིས། བསམ་ཕྱོགས་ལ་འགྱུར་ལྡོག་བཏང་ནས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་གིས་ནད་ཡམས་རྗེས་ཀྱི་སླར་གསོ་བྱེད་སྐབས་སྦགས་བཙོག་ཆེ་བ་དང་ཕྱིར་འབུད་མང་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྙིང་པར་གཏན་ནས་བསྐྱར་ལོག་བྱེད་མི་རུང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཉིས་ཁེ་མཐའ་གཅིག་ཏུ་གཉེར་ནས། རགས་ལས་རྣམ་པའི་འཕར་འཕེལ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རིམས་ནད་ཀྱིས་བཏོད་པའི་ལས་རྣམ་གསར་པ་དང་། གྲངས་འཛིན་ཅན་གྱི་རིགས་བསྒྱུར་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐུལ་སྤེལ་གཏོང་བ་སོགས་ཀྱི་གོ་སྐབས་དམ་པོར་བཟུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

གསུམ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དཀའ་ངལ་ལ་ལྟ་སྐྱོང་བྱེད་དགོས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་དང་དགོས་འདུན་ལ་མཐོང་ཆེན་ཆེན་པོ་བྱས་ནས། ལག་རྩལ་དང་མ་དངུལ། ནུས་པ་བཅས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོར་ལྗང་མདོག་ཐཱན་ཉུང་གི་རྣམ་པར་བསྒྱུར་བཅོས་བྱ་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་མ་ལག་ལ་སྲུང་སྐྱོང་དང་། ལྗང་མདོག་ཚོང་དོན་གྱི་བཀག་རྒྱར་དོགས་ཟོན། ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་དགོས། 

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ལྗང་མདོག་གིས་འབྱུང་འགྱུར་འཕེལ་རྒྱས་ཀྱི་རྣམ་པ་གཏན་འཁེལ་བྱས་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ནས་ལྗང་མདོག་བསྐྱར་དར་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་འདོད་ཡོད། 

གོ་ལ་ཧྲིལ་པོའི་ལྗང་མདོག་དམིགས་ཚད་རོགས་ཟླའི2030ལོའི་དབུ་ཚོགས་སྐབས་གཉིས་པ་དེ་ཧན་གོས་གཙོ་གཉེར་བྱས་ཏེ་བརྙན་ལམ་ནས་འཚོགས་པ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས60ལྷག་གི་མགོ་ཁྲིད་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།