ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2021-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བཅུ་བ་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་བསྟན་དོན། རང་རྒྱལ་གྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ཡོང་བའི་དེང་རབས་ཅན་ཡིན་ཞིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལས་རང་རྒྱལ་གྱི་རྟེན་མཛོད་ཁང་གི་ལས་དོན་འཕེལ་རྒྱས་ལ་སྔ་ན་མེད་པའི་གོ་སྐབས་བསྐྲུན་ངེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་མཛོད་ཁང་བྱ་བའི་བརྗོད་དོན་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་སྒོས་མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་གནད་སར་བཟུང་ནས། སྒྲིག་ལུགས་རྐྱེན་སྲོལ་གྱི་བཀག་རྒྱ་སེལ་བ་དང་། དུས་རབས་གསར་བའི་རྟེན་མཛོད་ཁང་གི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེར་ཇེ་དྲག་ཏུ་འགྲོ་བཞིན་པའི་བསམ་པའི་རིག་གནས་དང་འཚོ་བའི་དགོས་མཁོ་བསྐང་དགོས་ཞེས་གསུངས། 

ཨུ་ཡོན་དང་ཆེད་ཞུས་འཐུས་མི་བཅུ་གཅིག་གིས་གྲོས་ཚོགས་ཀྱི་བརྗོད་སྙིང་ལ་དམིགས་ནས་ཟུར་མི་འདྲ་བ་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་སོ་ལྔ་ཡིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་ལས་འགན་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་སྤེལ། ཚང་མས་བལྟས་ན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་རྟེན་མཛོད་ཁང་གི་ལས་དོན་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། ཡོད་མེད་ཀྱི་གནད་དོན་ཕལ་ཆེར་ཐག་གཅོད་བྱས་པ་དང་། ད་ལྟ་མང་ཆེ་བ་ནི་བཟང་མི་བཟང་གི་གནད་དོན་ཐག་གཅོད་བྱེད་དགོས་པར་འདོད། ཨུ་ཡོན་ཚོས་རྟེན་མཛོད་ཁང་གི་འཕེལ་རྒྱས་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། ཕྱོགས་བསྡུས་རིགས་དང་ལོ་རྒྱུས་རིགས་ཀྱི་སྲོལ་རྒྱུན་རྟེན་མཛོད་ཁང་གི་ཁ་གྲངས་མང་བ་དང་ཆེད་དོན་རང་བཞིན་གྱི་རྟེན་མཛོད་ཁང་གི་འཕེལ་རྒྱས་མི་འདང་བའི་གནས་ཚུལ་ལེགས་བཅོས་བྱེད་དགོས་པའི་གྲོས་གཞི་བཏོན། 

ལིའུ་ཆི་པའོ་ཡིས་བརྗོད་དོན་གཏམ་བཤད་སྤེལ། 

རྒྱལ་ཁབ་རིག་དངོས་ཅུའུ་ཡི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱི་འགན་ཁུར་བས་གྲོས་མོལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།