ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལིས་ཁི་ཆང་གིས་ཨོ་ཏི་ལིས་ཀྱི་ཙུང་ཐུང་དང་ཙུང་ལི་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་ཏི་ལིས་ཀྱི་ཙུང་ཐུང་ཧྥན་ཏི་པའེ་ལོན་ལ་ཁ་པར་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཡིད་རྟོན། རོགས་རེས་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཉིས་སྟོང་བཅོ་བརྒྱད་ལོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འཐབ་ཇུས་རོགས་རེས་འབྲེལ་བར་གནས་ཐིག་གསར་པ་བཟོས་ཏེ་ཕྱོགས་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྐྲུན་ནས། ཆབ་སྲིད་ཡིད་རྟོན་གྱི་ཉིན་བཞིན་ཇེ་བརྟན་དུ་སོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་དུ་ཕྱིན། རིམས་ནད་འགོག་པའི་གོ་རིམ་ཁྲོད་དུ་རྒྱལ་ཁབ་གཉིས་ཀྱིས་རོགས་རེས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་པར་བརྟེན། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་སྔར་ལས་ཇེ་ཟབ་དུ་ཕྱིན། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཨོ་ཏི་ལིས་ཀྱི་ཙུང་ཐུང་དང་ལྷན་དུ་འབད་འབུངས་བྱས་ཏེ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་མཉམ་སྐྲུན་ལ་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཧྥན་ཏི་པའེ་ལོན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་བར་མཛའ་མཐུན་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཡིན། རྒྱལ་ཁབ་གཉིས་ཀྱི་རིམས་ནད་སྔོན་འགོག་ཁྲོད་ཕན་ཚུན་གཞོགས་འདེགས་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་བརྟན་དུ་བཏང་བར་མ་ཟད། དཔུང་བ་མཉམ་གཤིབ་ཀྱིས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་གལ་ཆེན་རང་བཞིན་མངོན་པར་བསྟན།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཨོ་ཏི་ལིས་ཀྱི་ཙུང་ལི་ཁུའུ་ཨར་ཚི་ལ་ཁ་པར་བཏང་ནས་རྟེན་འབྲེལ་ཞུས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨོ་ཏི་ལིས་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པ་གོ་སྐབས་སུ་བརྩིས་ཏེ། ཕན་ཚུན་རོགས་རེས་མཉམ་ལས་ལ་ཤུགས་སྣོན་དང་མཛའ་མཐུན་འགྲོ་འོང་གི་ཁྱབ་རྒྱ་ཡངས་པོར་འབྱེད་པར་འབད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁུའུ་ཨར་ཚིས་ཡིས་བསྟན་དོན། ཨོ་ཏི་ལིས་ཕྱོགས་ཀྱིས་ཀྱང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་བའི་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།