ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཚན་རྩལ་རང་ཚུགས་རང་སྟོབས་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་འདེགས་ཤུགས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་འཛུགས་ཤིང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང། འཕེལ་རྒྱས་གཏོང་སྟངས་གསར་བ་གསར་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། འཛམ་གླིང་གི་ཚན་རྩལ་སྔོན་ཐོན་ལ་ཁ་ཕྱོགས་ཤིང་དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་ཏེ། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དང་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། གནས་བབ་ཆེན་པོ་གསལ་བོར་ཤེས་པར་བྱེད་པ་དང་གོ་སྐབས་བཟང་བོ་དམ་འཛིན་བྱེད་དགོས་པར་མ་ཟད། གནད་དོན་ལ་ཁ་ཕྱོགས་ཤིང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོགས་ཆེན་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཚོགས་ཆེན་དངོས་སུ་ཚོགས་མགོ་བརྩམས་པ་དང་། ཚོགས་མི་རྣམས་ཡར་ལངས་ཏེ་རྒྱལ་གླུ་བླངས།

ཚོགས་ཆེན་སྟེང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་བཅས་ནི་ང་ཚོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་བར་སྐྱོད་མགོ་བརྩམས་པའི་དུས་སྐབས་གལ་ཆེན་དུ་རང་རྒྱལ་གྱི་ཚན་རྩལ་གསར་སྐྲུན་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོར་མཉམ་གྲོས་བྱེད་པའི་ཚོགས་ཆེན་ཐེངས་ཤིག་ཡིན་ཟེར། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ལས་གནས་སོ་སོ་རུ་དཀའ་སྤྱད་འབད་བརྩོན་བྱེད་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་ཉིན་མོ་ཡིན་པས་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་དུས་ཆེན་གྱི་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་ནི་རྒྱལ་ཁབ་ཚན་རིག་ལག་རྩལ་ལས་རིགས་དང་བཟོ་སྐྲུན་ཚན་རྩལ་ལས་རིགས་ཀྱི་ཆེས་མཐོ་བའི་རིག་གཞུང་སྒྲིག་གཞི་ཡིན་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཡིན། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གིས་རྒྱལ་ཁབ་རུ་ཁག་གི་རིག་གཞུང་སྣེ་ཁྲིད་ནུས་པ་དང་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒོའི་ནུས་པ། གསར་སྐྲུན་འཇོན་མིའི་གསོ་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མ་རྩོམ་གལ་ཆེན་གྱི་ཚན་རིག་གནད་དོན་ཐག་གཅོད་དགོས་ལ། སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པ་དང་། འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གནད་འགག་སྲོག་ཤིང་ལག་རྩལ་གསར་སྐྲུན་བྱས་ནས། བྱང་ཚད་མཐོ་བའི་འཇོན་མི་དང་ཆུ་ཚད་མཐོ་བའི་གསར་སྐྲུན་ཚོགས་པ་སྐོར་ཞིག་རྩད་གཅོད་དང་གསོ་སྐྱོང་། གཅིག་སྡུད་བྱེད་དགོས། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་རྒྱལ་ཁབ་ཆེས་མཐོའི་རིག་མཛོད་འགན་ནུས་ཇེ་ཆེར་གཏོང་བ་དང་། འཐབ་ཇུས་ཚན་རིག་པའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ལ། ཧུར་ཐག་སྒོས་བློ་འདྲི་དང་དཔྱད་བསྡུར་བྱས་ནས་རྒྱལ་ཁབ་ཀྱི་ཇུས་ཆོད་ལ་ཞབས་ཞུ་བསྒྲུབ་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཇོན་མིར་བརྩི་འཇོག་བྱས་ཏེ། ཡོན་ཧྲི་ལ་ཆབ་སྲིད་ཐད་ནས་ཐུགས་ཁུར་བྱེད་པ་དང་བྱ་བའི་ཐད་ནས་རྒྱབ་སྐྱོར་བྱེད་པ། འཚོ་བའི་ཐད་ནས་སེམས་ཁུར་བྱེད་དགོས་པ་དང་། ཡོན་ཧྲི་དང་བཅས་པའི་རྒྱ་ཆེའི་ཚན་ཞིབ་མི་སྣའི་བསམ་འཆར་ལ་ནན་ཏན་སྒོས་ཉན་ཞིང་ཚན་ཞིབ་བྱ་འགུལ་གྱི་ཚན་རིག་དོ་དམ་དང་ཞབས་ཞུའི་འགན་སྲུང་ནུས་པ་ཇེ་ཆེར་བཏང་ནས། ཚན་ཞིབ་མི་སྣར་གསར་སྐྲུན་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོ་རུ་ཚན་རྩལ་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་བ་ཕྱིར་དྲན་བྱས་ཤིང་། རང་རྒྱལ་གྱི་ཚན་རྩལ་ལས་དོན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་བཅོས་ཀྱི་འགྱུར་ལྡོག་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱས་ཡོད་ལ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་གཏན་འཁེལ་གསལ་བོ་བྱས་པ་དང་། ཡོན་ཧྲི་དང་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱིས་ནུས་པ་གལ་ཆེན་འདོན་པར་རེ་བ་བཏོན། དེ་ལ་བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན་བཅས་ལྡན་པས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཀྲུང་གོ་ཚན་རིག་གླིང་དང་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཕྱི་རྒྱལ་གྱི་ཡོན་ཧྲི་ཁ་ཤས།  ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་འཐུས་མི་སོགས་མི་སྟོང་གསུམ་ལྷག་ཚོགས་ཆེན་ལ་ཞུགས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།