ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གཉིས་ཀྱིས་བསམ་འཆར་དཔར་འགྲེམ་བྱས་ཏེ་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་ཏེ་ཆེད་དམིགས་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གཉིས་ཀྱིས《ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་ཏེ།ཆེད་དམིགས་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་ཏེ། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བར་བཀོད་སྒྲིག་ལེགས་པོ་བྱས།

《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཟུང་སྟེ། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་བྱེད་དགོས་པ་དང་། ནག་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་བསགས་ལ་དྲག་གནོན་བྱེད་པའི་ངང་ཚུལ་བསྟུད་མར་རྒྱུན་སྲུང་བྱས་ཏེ། ཕན་ལྡན་གྱི་འཇིགས་སྣང་སྐྱེས་སུ་འཇུག་དགོས། དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ཕན་ཚུན་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ནག་འབྲེལ་ངན་འབྲེལ་ཉེས་བསགས་ཀྱི་འཕེལ་ཕྱོགས་གསར་པ་ཡང་དག་པར་ཁོང་དུ་ཆུད་པ། ལས་རིགས་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དང་ཆེད་དམིགས་དག་ཐེར་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་པ། རུལ་རྒོལ“སྦྲང་གསོད”དང་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་ཟུང་འབྲེལ་བཅས་བྱས་ཏེ། ཏང་ཨུས་མགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་འགན་ཁུར་པ། དམངས་གཙོས་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་ལས་བྱེད་པ། མང་ཚོགས་ནང་དུ་ཞུགས་པ། ཁྲིམས་སྐྱོང་ལ་འགན་སྲུང་བྱེད་པ། ཚན་རྩལ་གྱིས་རམ་འདེགས་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་ཤིང་། གྲོང་ཁྱེར་ཡུལ་ཁོངས་དང་སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་ལ་མགྱོགས་པོར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་འདྲེན་ཕྱོགས་ཡིན་པའི་གདེང་འཇོག་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ནག་འཇོམས་ངན་སེལ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་དངོས་གནས་སྲ་བརྟན་དུ་གཏོང་བ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བདེ་འཇགས་སྒྲིག་བཟང་། རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་ལ་ཁག་ཐེག་ནན་མོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

《བསམ་འཆར》ནང་བསྟན་དོན། འབྱུང་ཁུངས་བཅོས་སྐྱོང་གི་དོགས་ཟོན་དང་དག་ཐེར་ལེགས་བཅོས་ཀྱི་ནང་རྐྱེན་འཐུས་ཚང་ཞིག་འཛུགས་དགོས། ཆེད་དམིགས་བཅོས་སྐྱོང་དག་ཐེར་བསྟུད་མར་སྤེལ་ནས་ལས་རིགས་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། གཙོ་བོ་དངུལ་རྩའི་དངུལ་བུན་དང་བཟོ་འགོད་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་ཁྲོམ་འཁོར་རྒྱུག རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག རིག་གནས་ཡུལ་སྐོར། སློབ་གསོ་འཕྲོད་བསྟེན། ཆ་འཕྲིན་དྲ་རྒྱ། སྤྱི་ཚོགས་བདེ་སྐྱོང་སོགས་ཀྱི་ལས་རིགས་ཁྱབ་ཁོངས་སུ་གནས་པའི་འབུར་ཐོན་གནད་དོན་དང་ཟང་ཟིང་སྣང་ཚུལ་ལ་རྩ་ལག་མཉམ་བཅོས་བྱས་ཏེ། གཞི་རིམ་རྩ་འཛུགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། “སྡེ་བའི་ཧམ་ཤེད”སོགས་ནག་ཕྱོགས་སྟོབས་ཤུགས་ཀྱིས་གནོད་སྐྱེལ་བ་དང་གཏོར་བརླག་གཏོང་བ། ཁྱིམ་རྒྱུད་རིགས་རྒྱུད་ཀྱི་སྟོབས་ཤུགས་ཀྱིས་གནོད་འཚེ་ཚབས་ཆེན་བཟོ་བ་སོགས་ཀྱི་གནད་དོན་ལ་བསྟུད་མར་དོགས་ཟོན་དང་དག་ཐེར་ལེགས་བཅོས་བྱེད་དགོས། རིག་ནུས་སྤྱི་བསྒྲགས་ཀྱི་ཞུ་གཏུག་ལ་བྱ་དགའ་སྟེར་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཁུངས་སྣེ་ཞུ་གཏུག་གི་ཐབས་ལམ་ཤར་གཏོང་བྱས་ནས།རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི12337གྱི་རིག་ནུས་ཅན་གྱི་ཞུ་གཏུག་སྟེགས་བུ་རྒྱུན་རྣམ་ཅན་དུ་འཁོར་རྒྱུག་ཡོང་བར་བྱས་ཏེ། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་གཅིག་གྱུར་གྱིས་དབྱེ་བ་བཀར་ནས་བསྒྲུབ་ཏུ་འཇུག་པ་དང་། རིམ་པ་བཀར་ནས་ཞིབ་བཤེར་བྱེད་པ་དང་རིམ་པ་གོང་མས་བསྐྱར་ཞིབ་བྱེད་པའི་གྱོད་དོན་ཐག་གཅོད་ལམ་ལུགས་ལག་བསྟར་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། རྫོང་གསུམ་ནས་ཞུ་གཏུག་ཁུངས་སྣེ་ལ་ཞིབ་བཤེར་བྱེད་པའི་རིམ་པ་གསུམ་གྱི་མཉམ་སྒུལ་ནང་རྐྱེན་བཙུགས་ནས། སྤྱིའི་གནས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་སྣོན་བྱེད་དགོས། སྔ་མོ་ནས་རྡུང་རྡེག་དང་ཆུང་སར་རྡུང་རྡེག་བྱེད་པ་དང་།ཁྲིམས་ལྟར་ཆད་པ་གཅོད་པའི་ནང་རྐྱེན་འཐུས་ཚང་དུ་འཛུགས་དགོས། གཞི་གྲངས་ཆེན་མོ་དང་སྤྲིན་སྣེའི་རྩིས་གྲངས་སོགས་བརྒྱུད་ནས་ནག་འབྲེལ་ངན་འབྲེལ་ཉེས་བསགས་ཀྱི་ཁ་ཕྱོགས་གསར་པར་གཏིང་ཟབ་ཏུ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། མི་སྣ་གཙོ་བོ་དང་བསྟི་གནས་གཙོ་བོ། ཡུལ་ཁོངས་གཙོ་བོ་སོགས་ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་ལ་ཞིབ་བཤེར་དང་ཞིབ་འཇུག་བྱེད་པ་དང་བརྡར་ཤ་བཅད་ནས།མགོ་འབུས་མ་ཐག་ཏུ་རྡུང་རྡེག་བྱེད་པ་དང་འབྱུང་འགྱུར་གྱི་གནོད་འཚེ་མེད་པར་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཉིན་རྒྱུན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ། སྒྲིག་ལམ་དང་ཁྲིམས་ལུགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་ཀྱི་ཁྲིམས་བསྟར་འགྲེལ་བཤད། ཚད་ལྡན་ཅན་གྱི་ཡིག་ཆ་སོགས་ནན་ཏན་གྱིས་ལག་བསྟར་བྱེད་པ། ཁྲིམས་ལྟར་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་བཅས་ཀྱིས་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་ནམ་ཡང་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་པར་ཁག་ཐེག་བྱེད་དགོས། གནད་ཁེལ་ཕན་ལྡན་གྱི་ལྟ་སྐུལ་སློབ་སྟོན་དང་སྒྲུབ་པར་ལྟ་སྐུལ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཀྲུང་དབྱང་གིས་དུས་བཅད་ལྟར་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་སློབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་མཉམ་སྒུལ་གྱིས་ལྟ་སྐུལ་སློབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་པ། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་ལོ་རེར་ནག་འབྲེལ་ངན་འབྲེལ་གྱི་གྱོད་དོན་ཆེན་མོ་དང་གྱོད་དོན་གཙོ་བོ་སྐོར་ཞིག་ཐག་གཅོད་བྱེད་མགོ་བརྩམས་ནས་བསྒྲུབ་པར་ལྟ་སྐུལ་བྱེད་པ། རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི་ཆེད་མངགས་ལྟ་སྐུལ་སློབ་སྟོན་པའི་ཚན་ཁག་སོར་འཇོག་བྱེད་དགོས་པར་མ་ཟད་གྲུབ་ཚུལ་བསྟུད་མར་ཇེ་ལེགས་སུ་གཏོང་བ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་དོན་དངོས་དང་སྦྲེལ་ནས་ཆེད་མངགས་ལྟ་སྐུལ་སློབ་སྟོན་པའི་ཚན་ཁག་འཛུགས་པ་བཅས་བྱས་ཏེ། སྐབས་བསྟུན་གྱི་ཚུལ་དུ་ཆེད་མངགས་ལྟ་སྐུལ་སློབ་སྟོན་བྱེད་པ་དང་། དུས་ཐོག་ཏུ་གནད་དོན་ཡོད་པ་ཤེས་སུ་འཇུག་པ་དང་གནད་དོན་ཐག་གིས་བཅད་ནས། ལྟ་སྐུལ་སློབ་སྟོན་དང་སྒྲུབ་པར་ལྟ་སྐུལ་བྱེད་པའི་བྱེད་སྟངས་དང་བྱེད་ཐབས་བསྟུད་མར་ཇེ་ལེགས་སུ་གཏོང་བ་དང་། རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་རྣམས་སེམས་ཤུགས་སྔར་བས་ཆེན་པོའི་སྒོ་ནས་འཐབ་ཕྱོགས་དང་པོའི་བྱ་བའི་སྟེང་ཞུགས་སུ་འཇུག་དགོས། སྐུལ་སློང་དང་ཚོད་འཛིན་གྱི་དཔྱད་ཞིབ་གདེང་འཇོག་གི་ནང་རྐྱེན་འཐུས་ཚང་དུ་འཛུགས་དགོས། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་དེ་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་གི་གྲས་སུ་ཚུད་དུ་བཅུག་སྟེ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔྱད་འདེམས་གཟེངས་བསྟོད་ཀྱི་གཞི་འཛིན་ས་གཙོ་བོར་བརྩི་བ་དང་། གྲུབ་འབྲས་འབུར་ཐོན་གྱི་ས་ཁུལ་དང་ལས་ཁུངས། མི་སྒེར་བཅས་ལ་གཟེངས་བསྟོད་བྱེད་པ། རྡུང་རྡེག་བྱེད་མི་ཕོད་པ་དང་དོན་ངོ་མས་རྡུང་རྡེག་མི་བྱེད་པ། གཏིང་ཟབ་ཏུ་རྡུང་རྡེག་མི་བྱེད་པ་བཅས་ཀྱི་རྗེས་ལུས་ས་ཁུལ་གཙོ་བོར་བརྡ་ཁྱབ་སྤེལ་ཏེ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་དང་། མང་ཚོགས་ཀྱི་གདེང་འཇོག་ལ་མཉན་པ་དང་ཕན་འབྲས་བཟང་མིན་མང་ཚོགས་ལ་འདྲི་བར་བརྩོན་ནས། ནག་ཕྱོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་བསགས་ལ་འདྲི་གཅོད་དང་ལྡོག་བཤེར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། བསྟུད་མར་སྐུལ་འདེད་གཏོང་བའི་རྩ་འཛུགས་མགོ་ཁྲིད་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སྔར་ཡོད་ཀྱི་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གྲུབ་ཆ་དང་ལས་བགོས་གཞིར་བཟུང་སྟེ། ཀྲུང་དབྱང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་འཐབ་རྩོད་མགོ་ཁྲིད་ཚན་ཆུང་དང་གཞུང་ལས་ཁང་གཞན་པ། རིམ་པ་སོ་སོའི་ཏང་ཨུ་དང་འབྲེལ་ཡོད་སྡེ་ཁག་གིས་བབ་མཐུན་གྱི་མགོ་ཁྲིད་དང་གཞུང་ལས་སྡེ་ཁག་སོར་འཇོག་བྱས་ཏེ། ནག་འཇོམས་ངན་སེལ་འཐབ་རྩོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཆར་འགོད་ལ་སྐུལ་འདེད་བྱེད་པའི་ཁྲོད་ཚུད་དུ་འཇུག་པ་དང་། ཕྱོགས་བསྡུས་འགན་སྲུང་ལ་ཤུགས་སྣོན་བྱེད་པ་དང་ཆེད་ལས་ཚན་ཁག་ཇེ་དྲག་ཏུ་གཏོང་བ། དྲང་ཕྱོགས་དྲིལ་སྒྲོག་ལ་ཤུགས་སྣོན་བཅས་བྱས་ཏེ།མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་བེད་སྤྱོད་བྱེད་པ་དང་།ནག་ཕྱོགས་སྟོབས་ཤུགས་ལ་འཐབ་རྩོད་བྱེད་པའི་ཡིད་ཆེས་དང་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

《བསམ་འཆར》ནང་ནན་གྱིས་བསྟན་དོན། ས་གནས་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ནི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་འགན་ལེན་པ་ཨང་དང་པོ་ཡིན་པས། དངོས་སུ་བཀོད་སྒྲིག་བྱེད་པ་དང་། འགན་འཁུར་ཕོད་ཅིང་བཙན་པོར་ཁ་གཏད་ཕོད་པ། ལངས་ཕྱོགས་གསལ་པོས་ནག་འཇོམས་ངན་སེལ་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ཏེ། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་སྒྲུབ་པ་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལས་འགན་འཁུར་པ། “སྲུང་གདུགས”གཏིང་ཟབ་ཏུ་སྔོག་བཤེར་བྱས་ཏེ།འགལ་རྐྱེན་མེད་པར་བཟོ་བར་སྟོབས་ཤུགས་ལྡན་པའི་རམ་འདེགས་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ནི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་ཐད་ཀའི་འགན་འཁུར་པ་ཡིན་པས། རིམ་པ་གོང་མའི་སྲིད་ཁྲིམས་ལས་ཁུངས་ཀྱིས་རིམ་པ་འོག་མའི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་ལྟ་ཞིབ་སྣེ་ཁྲིད་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱེད་པ་དང་། མཛུབ་སྟོན་མཐུན་སྦྱོར་དང་རྒྱབ་སྐྱོར་རོགས་རམ་ཇེ་དྲག་ཏུ་བཏང་ནས། བྱ་བ་སྣ་ཚོགས་ཀྱི་ཁ་ཕྱོགས་ཡང་དག་ཡིན་པ་དང་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ནི་རང་ལས་རིགས་དང་རང་ཁྱབ་ཁོངས་སུ་བཅོས་སྐྱོང་བྱེད་པའི་འགན་འཁྲི་པ་ཨང་དང་པོ་ཡིན་པས། ལས་རིགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་གི་གོ་རིམ་ཧྲིལ་པོར་མགོ་ཁྲིད་བྱེད་པ་དང་ཁྱོན་ཡོངས་ཀྱི་གནད་འགག་ཁོང་དུ་ཆུད་པར་བྱས་ཏེ། ལས་རིགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་དང་ལམ་ལུགས་འཐུས་ཚང་དུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། རྙེད་པའི་གནད་དོན་ལ་རྩད་ཞིབ་དཔྱིས་ཕྱིན་བྱེད་པ་ལས་གུ་ཡངས་སུ་གཏན་ནས་མི་གཏོང་བ་དང་། སྒྲིག་སྲོལ་དང་སྒྲིག་ལམ། བཅའ་ཁྲིམས་བཅས་ལྟར་འགན་འཁྲིར་རྩད་གཅོད་ནན་མོ་བྱས་ནས། ལས་རིགས་ཁྱབ་ཁོངས་ཀྱི་ཟང་ཟིང་གནས་ཚུལ་དག་ནག་འབྲེལ་ངན་འབྲེལ་གྱི་གནད་དོན་དུ་འགྱུར་བར་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།