ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་རོན་ཁྲུན་ཧྥུའུ་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མི་འགྱངས་པར་ལོ་བརྒྱའི་འཁྲུངས་སྐར་ལ་བསུ་མ་བྱེད་པ་དང་། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་བ་གསར་གཏོད་བྱེད་མགོ་བརྩམས་ཤིང་། ཡོ་ནན་གྱིས་ཀྱང་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་ཚུལ་ཡང་དག་པ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་ཡོ་ནན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱེད་དགོས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྦད་ཆོད་སྒོས་ཡོ་ནན་བར་གྱི་མཛའ་མཐུན་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཡོ་ནན་གྱི་སྐབས་གསར་བའི་མགོ་ཁྲིད་ཐུན་མོང་གིས་མུ་མཐུད་དུ་ཀྲུང་གོ་བར་གྱི་འབྲེལ་བ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱ་བ་གཙོ་བོར་བཟུང་བར་གཟེངས་བསྟོད་བྱེད་པ་དང་། ཡོ་ནན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་བར་གྱི་སྲོལ་རྒྱུན་མཛའ་མཐུན་གྱི་ཐོག་མའི་སེམས་འདུན་མི་བརྗེད་པར་ཕྱོགས་གཉིས་ཀྱིས་ཐུན་མོང་དུ་འཛིན་པའི་ཕུགས་འདུན་འདུ་ཤེས་དང་ལོ་རྒྱུས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། ཀྲུང་གོ་དང་ཡོ་ནན་བར་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཀྱི་དུས་རབས་ཀྱི་ནང་དོན་གསར་བ་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་ཀྲུང་གོ་དང་ཡོ་ནན་བར་དུ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

རོན་ཁྲུན་ཧྥུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་བརྒྱུད་སྒྲོག་བྱས། རོན་ཁྲུན་ཧྥུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་འོག ཀྲུང་གོས་པྲོགས་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསལ་བྱས་ཏེ། རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་སླར་གསོ། དབུལ་ཐར་མཁྲེགས་གཏོར་བཅས་ལས་དོན་ཆེན་པོ་གསུམ་ལས་རྒྱལ་ཁ་ལེན་པ་མངོན་འགྱུར་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་གྱུར་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་གྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་བར་རྟེན་འབྲེལ་ཞུ་བར་མ་ཟད། ཀྲུང་གོས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེད་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། ཆབ་སྲིད་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་མཐུན་སྒྲིལ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་རིམས་འགོག ན་གཞོན། མི་གཞུང་། ས་གནས་སོགས་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་། ཡོ་ནན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ས་གནས་ཞི་བདེ་དང་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།