ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་དམིགས་འབེན་གྱི་ཐུན་མོང་མཚོན་བྱེད་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་ཡོད་རེ་བ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཡུལ་བབ་དང་བསྟུན་ཞིང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་། རྒྱུན་མཐུད་སྒོས་ཞིང་ལས་འཕེལ་རྒྱས་སུ་འགྲོ་བ་དང་ཞིང་སྡེ་མཛེས་པར་འགྱུར་བ། ཞིང་བ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། རྒྱུན་མཐུད་སྒོས་གྲོང་གསེབ་ཁུལ་ཁོངས་འཕེལ་རྒྱས་ཀྱི་ཁྱད་པར་ཇེ་ཆུང་དུ་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་ཕོངས་དུ་མི་འགྱུར་བའི་ཚད་མཐའ་གཏན་སྲུང་བྱས་ནས། མི་དམངས་ཡོངས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

ཐེངས་འདིའི་ཆེད་དོན་གྲོས་མོལ་ཚོགས་འདུས་མཉམ་འབྲེལ་གྲོས་མོལ་གྱི་རྣམ་པ་སྤྱད་ཅིང་། རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པའི་སྲིད་གྲོས་ཨུ་ཡོན་བརྒྱ་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཚོགས་ར་གཙོ་བོ་དང་ཀོས་ཀྲིག་དང་ཡུན་ནན་གྱི་ཡན་ལག་ཚོགས་རར་ཞུགས་པ་དང་། ཨུ་ཡོན་དང་ཆེད་མཁས་པ་ཉེར་བརྒྱད་དང་གཞི་རིམ་གྱི་འཐུས་མི་ཡིས་ཚོགས་འདུའི་ཡུལ་དངོས་དང་ཡང་ན་བརྙན་རིས་བརྒྱུད་དེ་གཏམ་བཤད། ཨུ་ཡོན་བརྒྱ་དང་བཞི་བཅུ་ཙམ་གྱིས་སྒུལ་སྤོར་འགན་འཁྲི་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་བཀོད། ཨུ་ཡོན་རྣམས་ཀྱིས་ཐོན་ལས་གཞི་རྩ་ཡིན་པ་གཅིག་སྡུད་བྱས་ཏེ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཐད་ལ་འཆར་འགོད་བཟང་བོ་བྱེད་པ་དང་། མཁར་གྲོང་ཅན་གྱི་འཛུགས་སྐྲུན་བྱ་བ་ལེགས་བསྒྲུབ་བྱེད་དགོས་ལ། འཇོན་མི་གནད་འགག་ཡིན་པ་དམ་འཛིན་བྱེད་པ་དང་། བཅོས་སྒྱུར་སྒུལ་ཤུགས་ཇེ་ཆེར་གཏོང་བར་མ་ཟད། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་རྐྱེན་སྲོལ་ལ་བརྟེན་ནས། ཁྱབ་སྟོབས་ཁ་གསབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ཏེ་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཀྲང་ཆིན་ལིས་ཀྱི་ཚོགས་འདུར་མགོ་འཛིན་བྱས་པ་དང་། དབྱང་ཁྲོན་ཐང་གིས་ཚོགས་ཐོག་ཏུ་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད་ཨུ་ཡོན་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།