ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་རག་གི་ཙུང་ཐུང་ལུའུ་ཧ་ཉི་ལ་ཞལ་པརབཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རག་གི་ཙུང་ཐུང་ལུའུ་ཧ་ཉི་ལ་ཞལ་པར་བཏང་བ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱི་ཕྱོགས་གཉིས་པོས་དཀའ་སྡུག་མཉམ་གནས་དང་ཕན་ཚུན་རོགས་རེས་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་ཏུ་ཕྱིན་ཞིང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་དབྱིའི་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་ལྷུ་ཚིགས་གལ་ཆེན་དུ་གནས་ཡོད། ཀྲུང་གོས་ཀྲུང་དབྱིའི་འབྲེལ་བར་མཐོང་ཆེན་བྱས་ཏེ་དབྱི་རག་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་དབྱི་རག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་།  དབྱི་རག་གི་རིམས་ནད་འགོག་བཅོས་ཐད་ནུས་པ་ཅི་ལྕོགས་ཀྱི་རོགས་རམ་བྱས་ཏེ་དབྱི་རག་མི་དམངས་རིམས་ནད་ལས་རྣམ་པར་རྒྱལ་བར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོས་དབྱི་རག་གི་ཉིང་རྡུལ་གནད་དོན་གྱི་ཐད་ཁྱོན་ཡོངས་གྲོས་མཐུན་གནད་དོན་སྐོར་གྱི་ལུགས་མཐུན་རེ་ཞུར་རྒྱབ་སྐྱོར་བྱ་རྒྱུ་དང་། དབྱི་རག་ཕྱོགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད།  ཀྲུང་གོས་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་དྲང་བདེན་ངང་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། དབྱི་རག་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཐད་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། 

ལུའུ་ཧ་ཉི་ཡིས་བསྟན་དོན། ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་ཚོད་འཛིན་ལེགས་པོ་བྱས་པ་མ་ཟད། དབྱི་རག་སོགས་རྒྱལ་ཁབ་ཀྱིས་རིམས་ནད་འགོག་བཅོས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། དབྱི་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་རིང་རྒྱལ་ཁབ་གཉིས་པོས་མཛའ་མཐུན་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད། དབྱི་རག་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དབྱི་རག་གིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་དང་། དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་གཉིས་ཁེ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད། ཉེ་ལམ། རྒྱལ་ཁབ་གཉིས་པོས་མིང་རྟགས་བཀོད་པའི་ཁྱོན་ཡོངས་ཀྱི་མཉམ་ལས་འཆར་གཞིས་ཕྱོགས་གཉིས་པོའི་འབྱུང་འགྱུར་གྱི་གཉིས་ཁེ་མཉམ་ལས་ལ་སྔར་བས་རྒྱ་ཆེ་བའི་མདུན་ལམ་བཏོད་ཡོད། དབྱི་རག་གིས་ཀྲུང་གོས་དབྱི་རག་གི་ཉིང་རྡུལ་ཁྱོན་ཡོངས་ཀྱི་གྲོས་མཐུན་དང་། ཕ་ལེ་སི་ཐན་དང་དབྱི་རག་གི་ས་ཁུལ་གནད་དོན་ཐད་དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་པར་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་དང་མཉམ་དུ་མུ་མཐུད་དུ་འབྲེལ་མཐུད་མཐུན་སྦྱོར་དམ་ཟབ་བྱས་ནས་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་དང་། རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོང་། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱ་རྒྱུའི་རེ་བ་ཡོད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།