ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་གི་ཚོགས་ཆེན་དང་པོ་ནས་བཅུ་དགུ་པའི་བར་གྱི་ལོ་རྒྱུས་ཉུང་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ1921ལོའི་ཟླ7པའི་ཚེས23ཉིན་ནས་ཟླ8པའི་ཚེས3ཉིན་བར་ཧྲང་ཧའེ་ཡི་ཧྥ་རན་སིའི་བཙན་གཡར་ས་ཆ་སྟེ་པེ་ལི་སྲང་ལམ་ཧྲུའུ་ཏི་ལི་ཨང3པ(ཕྱིས་སུ་མིང་ལ་ཝང་ཀྲི་སྲང་ལམ་ཨང106པར་འབོད་པ་དང་། ད་ལྟ་ཞིན་ཡེ་སྲང་ལམ་ཨང76པར་འབོད)དང་ཀྲེ་ཅང་ཅ་ཞིན་གྱི་ནན་ཧུའུ་རུ་བསྡུས། ཚོགས་ཆེན་ལ་ས་གནས་སོ་སོའི་འཐུས་མི་བསྡོམས་པས12ཞུགས།

ནང་དོན་གལ་ཆེན།

1.ཏང་གི་མིང་ལ“ཀྲུང་གོ་གུང་ཁྲན་ཏང”ཞེས་གཏན་འཁེལ་བྱས་པ།

2.ཏང་གི་རྩ་འཛིན་བཟོས་ནས་གཏན་འཁེལ་བྱས་པ།

3.དོན་དངོས་བྱ་བའི་འཆར་གཞི་བཀོད་པ་སྟེ། ཐོག་མར་སེམས་ཤུགས་གཅིག་སྒྲིམ་གྱིས་བཟོ་པ་རྩ་འཛུགས་བྱ་རྒྱུ་ཐག་བཅད་པ། ཁྲེན་ཏུའུ་ཞིའུ་དང་ཀྲང་ཀའོ་ཐའོ། ལི་ཏ་བཅས་བདམས་ནས་ཏང་གི་མགོ་ཁྲིད་ལས་ཁུངས་ཏེ་ཀྲུང་དབྱང་ཅུས་ཞེས་པ་བཙུགས་པ་དང་། ཁྲེན་ཏུའུ་ཞིའུ་ཧྲུའུ་ཅིར་བདམས།

ལོ་རྒྱུས་ཀྱི་དོན་སྙིང་།

ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དེས་ཀྲུང་གོ་གུང་ཁྲན་ཏང་དངོས་སུ་བཙུགས་པ་མཚོན་ཞིང་། འོད་དུ་འཚེར་བའི་ཉི་མ་དམར་པོ་ཤར་ཕྱོགས་མཁའ་མཐའ་ནས་ཡར་འཕགས་ཏེ། ཀྲུང་གོའི་གསར་བརྗེའི་མདུན་ལམ་ལ་འོད་སྟོང་འཕྲོ་བར་བྱས་པ་དང་མཚུངས། དེ་ནི་ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཡར་ཐོན་དང་གསར་བརྗེ་འཕེལ་རྒྱས་ཀྱི་སྤྱི་མཐོང་བླང་བྱ་ཡིན་ལ། འཇིག་རྟེན་གསར་དུ་སྐྲུན་པའི་དུས་འགྱུར་ཆེན་པོ་ཡིན་པ་རེད། ཀྲུང་གོ་གུང་ཁྲན་ཏང་ཡོད་པ་ནས་བཟུང་། ཀྲུང་གོའི་གསར་བརྗེ་ལ་རྣམ་པ་གསར་པ་མངོན་པ་རེད།

2.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ1922ལོའི་ཟླ7པའི་ཚེས16ནས་ཚེས23ཉིན་བར་ཧྲང་ཧའེ་ཡི་ཁྲེང་ཏུའུ་ལྷོ་ལམ་ཧྥུའུ་ཏི་ལི་ཨང625པ་རུ་བསྡུས། གྲོས་ཚོགས་སུ་བསྡོམས་པས་འཐུས་མི12ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཏང་ཡོན195ཡི་ཚབ་བྱས།

ནང་དོན་གལ་ཆེན།

1.ད་ལྟའི་དུས་རིམ་གྱི་རྩ་འཛིན་དང་ཆེས་མཐོའི་རྩ་འཛིན་བཏོན་པ།

2.བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་གསར་བརྗེ་ཡི་རྩ་འཛིན་ཐེངས་དང་པོར་བཏོན་པ།

3.ཚོགས་ཆེན་གྱི་རྗེས་སུ་མང་ཚོགས་ལམ་ཕྱོགས་སྤྱོད་མགོ་བརྩམས་པ།

ལོ་རྒྱུས་ཀྱི་དོན་སྙིང་།

ཀྲུང་གུང་ཚོགས་ཆེན་གཉིས་པས་ཀྲུང་གོའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་གསར་བརྗེའི་ངོ་བོ་དང་གསར་བརྗེ་བྱ་ཡུལ། སྒུལ་ཤུགས་དང་མདུན་ལམ་བཅས་ལ་ཡང་དག་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། ཀྲུང་གོའི་གསར་བརྗེ་དེ་རིམ་པ་གཉིས་ལ་བགོས་ཏེ་འགྲོ་དགོས་པ་བསྟན་ཅིང་། ཀྲུང་གོའི་ཉེ་རབས་ལོ་རྒྱུས་སྟེང་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་གསར་བརྗེ་ཡི་རྩ་འཛིན་ཐེངས་དང་པོར་གསལ་པོར་བཏོན་ལ། ཀྲུང་གོའི་རིགས་སོ་སོའི་མི་དམངས་ཀྱིས་གསར་བརྗེའི་འཐབ་རྩོད་བྱེད་པར་ཁ་ཕྱོགས་གསལ་པོ་བསྟན་པས། ཀྲུང་གོའི་གསར་བརྗེ་ལ་མཚོན་ན་རྒྱ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན།

3.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ1923ལོའི་ཟླ6པའི་ཚེས12ནས་ཚེས20ཉིན་བར་ཀོང་ཀྲུའུ་ཏུང་ཧྲན་ཞུས་ཀུའུ་ཡོན་ཨང31པ(ད་ལྟའི་ཞུས་ཀུའུ་ཡོན་སྲང་ལམ་ཨང3པ)རུ་བསྡུས། ཁྲེན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ། མའོ་ཙེ་ཏུང་། ཚའེ་ཧི་སིན། ཁྲེན་ཐན་ཆིའུ། ཡུན་ཏའེ་དབྱིན། ཆུས་ཆིའུ་པའེ། ཀྲང་ཀུའོ་ཐའོ། ལི་ལི་སན། ཞང་དབྱིན་སོགས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་མོ་སི་ཁོ་ནས་ཡོང་བའི་འཐུས་མི30ལྷག་ཚོགས་ཆེན་ལ་ཞུགས་ཤིང་། ཁོ་ཚོས་རྒྱལ་ཡོངས་ཀྱི་ཏང་ཡོན420ཡི་ཚབ་བྱས་པ་རེད། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་མ་ལིན་ཚོགས་ཆེན་ལ་ཞུགས། ཁྲེན་ཏུའུ་ཞིའུ་ཡིས་ཚོགས་ཆེན་ལ་མགོ་འཛིན་གནང་བར་མ་ཟད་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚབ་མཛད་ནས་སྙན་ཞུ་ཕུལ།

ནང་དོན་གཙོ་བོ།

ཏང་ཡོན་ཡོངས་མི་སྒེར་གྱི་མིང་ཐོག་ནས་གོ་མིན་ཏང་ལ་ཞུགས་ཏེ། སུང་ཀྲུང་ཧྲན་དང་མཉམ་དུ་འཐབ་ཕྱོགས་གཅིག་གྱུར་འཛུགས་རྒྱུ་ཐག་བཅད།

ལོ་རྒྱུས་ཀྱི་དོན་སྙིང་།

ཀྲུང་གོ་གུང་ཁྲན་ཏང་ཅུང་གུ་དོག་པའི་གཞི་རྒྱ་ལས་ཕྱིར་ཐོན་ཏེ། སྔར་ལས་ཡངས་པའི་གསར་བརྗེ་འཐབ་རྩོད་ཀྱི་གཡུལ་ས་ཆེན་མོར་སྦྱོང་བརྡར་ཐོབ་པར་བྱས་ཏེ། གསར་བརྗེ་ཆེན་མོའི་ཚ་རླབས་འཕྱུར་བར་སྟ་གོན་བྱས།

4.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ1925ལོའི་ཟླ1པའི་ཚེས11ཉིན་ནས་ཚེས22ཉིན་བར་ཧྲང་ཧའེ་རུ་བསྡུས། ཚོགས་ཆེན་ལ་ཁྲེན་ཏུའུ་ཞིའུ་དང་ཚའེ་ཧི་སིན། ཆུས་ཆིའུ་པའེ། ཐན་ཕིང་ཧྲན། ཀྲོའུ་ཨེན་ལའེ། ཕིན་ཧྲུའུ་ཀྲི། ཀྲང་ཐའེ་ལེ། ཁྲེན་ཐན་ཆིའུ། ལི་ཝེ་ཧན། ལི་ལི་སན། ཝང་ཧི་པོ། ཞང་དབྱིན། ཞང་ཅིན་ཡུས་སོགས་མི20ཞུགས་ཤིང་། ཁོ་ཚོས་རྒྱལ་ཡོངས་ཀྱི་ཏང་ཡོན994ཡི་ཚབ་བྱས་པ་རེད། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་ཝེ་ཅིན་སི་ཅི་ཚོགས་ཆེན་ལ་ཞུགས།

ནང་དོན་གལ་ཆེན།

1.ཚོགས་ཆེན་གྱིས་མིག་སྔའི་ལྟེ་བའི་བྱ་བར་དམིགས་ནས། 《མི་རིགས་གསར་བརྗེ་ལས་འགུལ་ལ་གྲོས་མོལ་བྱས་པའི་ཆོད་དོན》སོགས་གྲོས་ཆོད11ལ་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གསར་པ་བདམས་ཐོན་བྱུང་།

2.འབྱོར་མེད་གྲལ་རིམ་གྱིས་མི་རིགས་ལས་འགུལ་ཁྲོད“གཡོན་གྱི”ཕྱོགས་ལྷུང་ལ་ངོ་རྒོལ་བྱེད་པར་མ་ཟད། “གཡས་ཀྱི”ཕྱོགས་ལྷུང་ལའང་ངོ་རྒོལ་བྱེད་དགོས་པ་བསྟན།

3.ཏང་ཡོན་གསུམ་གྱིས་ཀྲི་པུའུ་གཅིག་བཙུགས་ཆོག་པ་གཏན་འབེབས་བྱས།

ལོ་རྒྱུས་ཀྱི་དོན་སྙིང་།

ཏང་གི་ཚོགས་ཆེན་ཐེངས་བཞི་པའི་ཆེས་གལ་ཆེ་བའི་བྱས་རྗེས་ནི་ཐོག་དང་པོར་འབྱོར་མེད་གྲལ་རིམ་གྱིས་དམངས་གཙོའི་གསར་བརྗེ་ཁྲོད་མགོ་ཁྲིད་ཀྱི་དབང་ཆ་འཛིན་ཆོག་པ་དང་བཟོ་ཞིང་མནའ་འབྲེལ་གྱི་གནད་དོན་གསལ་པོར་བཏོན་པ་དེ་རེད།

5.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ1927ལོའི་ཟླ4པའི་ཚེས27ཉིན་ནས་ཟླ5པའི་ཚེས9ཉིན་བར་ཝུའུ་ཧན་དུ་བསྡུས།

ནང་དོན་གལ་ཆེན།

ཏང་ནང་དུ་དམངས་གཙོའི་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱ་རྒྱུ་དངོས་སུ་བཏོན་པ།

ལོ་རྒྱུས་ཀྱི་དོན་སྙིང་།

ཏང་གི་ལོ་རྒྱུས་སྟེང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཨང་དང་པོ་སྟེ་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཞིང་། དེར་ཏང་འཛུགས་སྐྲུན་གྱི་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པ་རེད།

6.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ1928ལོའི་ཟླ6པའི་ཚེས18ཉིན་ནས་ཟླ7པའི་ཚེས11ཉིན་བར་མོ་སི་ཁོ་ཉེ་འདབས་ཀྱི་ཙི་ཝེ་ཉི་ཀུའོ་ལུའོ་ཏི་གྲོང་རྡལ་གྱི“དངུལ་མདོག་གཞིས་ཀ”རུ་གསང་བའི་སྒོ་ནས་བསྡུས། ཚོགས་ཆེན་ལ་བསྡོམས་པས་འཐུས་མི142ཞུགས་པ་དང་། དེའི་ཁྲོད་བརྡས་ཐག་གཅོད་དབང་ཡོད་པའི་འཐུས་མི84ཞུགས་ཡོད།

ནང་དོན་གལ་ཆེན།

1.ད་ལྟའི་དུས་རིམ་གྱི་ཀྲུང་གོ་སྔར་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱིི་སྤྱི་ཚོགས་སུ་ཡོད་པ་དང་། ཀྲུང་གོའི་གསར་བརྗེ་བསླངས་པའི་གཞི་རྩའི་འགལ་བ་གཅིག་ཀྱང་ཐག་བཅད་མེད་ལ། ད་ལྟའི་དུས་རིམ་གྱི་ཀྲུང་གོའི་གསར་བརྗེ་ནི་སྔར་བཞིན་འབྱོར་ལྡན་གྲལ་རིམ་གྱི་ངོ་བོ་ལྡན་པའི་དམངས་གཙོའི་རིང་ལུགས་ཀྱི་གསར་བརྗེ་ཡིན་པ་བཅས་བསྟན།

2.གསར་བརྗེ་ཚ་རླབས་ཆུང་བའི་སྐབས་སུ་ཡོད་པ་དང་། ཏང་གི་སྤྱིའི་ལམ་ཕྱོགས་ནི་མང་ཚོགས་བརྩོན་ལེན་དང་། ཏང་གི་བྱ་བའི་ལྟེ་གནད་ནི་ཐབས་བརྒྱ་ཇུས་སྟོང་གིས་དྲག་པོའི་གྱེན་ལངས་རྩ་འཛུགས་བྱ་རྒྱུ་དེ་མིན་པར། དཀའ་སྡུག་ཆེ་བའི་མང་ཚོགས་ཀྱི་བྱ་བ་བསྒྲུབས་ཏེ་སྟོབས་ཤུགས་གསོག་རྒྱུ་དེ་ཡིན་པ་གསལ་པོར་བསྟན་པ།

ལོ་རྒྱུས་ཀྱི་དོན་སྙིང་།

ཚོགས་ཆེན་དྲུག་པས་གསར་བརྗེ་ཆེན་པོ་ཕམ་པའི་ཚུན་གྱི་ཉམས་མྱོང་དང་བསླབ་བྱ་ནན་ཏན་གྱིས་སྤྱི་བསྡོམས་བྱས་པ་དང་། ཀྲུང་གོའི་གསར་བརྗེ་དང་འབྲེལ་བའི་རྩོད་གླེང་ཚབས་ཆེན་རབ་དང་རིམ་པའི་གཞི་རྩའི་གནད་དོན་ལ་ཕལ་ཆེར་ཡང་དག་པའི་དྲིས་ལན་བཏབ། གཞི་རྩའི་ཆ་ནས་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་བྱས་པ་དང་། ཏང་ནང་དུ་གནས་པའི“གཡོན”ལྷུང་བསམ་ཕྱོགས་སེལ་བ་དང་བྱ་བའི་དོན་དངོས་བསྒྱུར་བར་དགེ་མཚན་ལྡན་པའི་ནུས་པ་ཐོན།

7.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ1945ལོའི་ཟླ4པའི་ཚེས23ཉིན་ནས་ཟླ6པའི་ཚེས11ཉིན་བར་ཡན་ཨན་དུ་འཚོགས། ཚོགས་ཆེན་བདུན་པར་བསྡོམས་པས་འཐུས་མི755ཞུགས་པ་དང་། དེའི་ཁྲོད་འཐུས་མི་དངོས་མ547དང་། རྗེས་སྣོན་འཐུས་མི208ཡོད་ལ། ཏང་ཡོངས་ཀྱི་ཏང་ཡོན་ཁྲི121གི་ཚབ་བྱས་ཤིང་། ཀྲུང་དབྱང་ཐད་གཏོགས(དམག་དཔུང་ཐད་གཏོགས་མ་ལག་འདུས་པ)དང་ནུབ་བྱང་། ཧྲན་ཞི་དང་སུའེ་ཡོན་ཞིང་ཆེན་གྱི་འབྲེལ་མཚམས་ས་ཁུལ། ཧྲན་ཞི་དང་ཁྲ་ཧར་དང་ཧོ་པེ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ། ཧྲན་ཞི་དང་ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་ས་ཁུལ། ཧྲན་ཏུང་། ཧྭ་ཀྲུང་དང་རྒྱབ་ཕྱོགས་ཆེན་པོ་བཅས་འཐུས་མི་ཚོགས་པ8དུ་བགོས་ཡོད། ཚོགས་ཆེན་ཐེངས་བདུན་པའི་འཐུས་མི་ཁྲོད། ལོ་ན་ཆེས་ཆེ་བ་ཕལ་ཆེར70ལ་སོན་པ་དང་། ཆེས་ཆུང་བ20ཡས་མས་རེད།

ནང་དོན་གལ་ཆེན།

1.མའོ་ཙེ་ཏུང་གིས་ཚོགས་ཆེན་ལ《མཉམ་འབྲེལ་སྲིད་གཞུང་གླེང་བ》ཞེས་པའི་ཡིག་ཐོག་གི་ཆབ་སྲིད་སྙན་ཞུ་སྤྲད་པར་མ་ཟད། སྙན་ཞུའི་ཁྲོད་ཀྱི་གནད་དོན་ཁ་ཤས་དང་གནད་དོན་གཞན་དག་ལ་ངག་ཐོག་གི་སྙན་ཞུ་རིང་བོ་སྤེལ།

2. ཀྲུའུ་ཏེ་ཡིས《བཅིངས་འགྲོལ་དམག་ཁུལ་གྱི་འཐབ་ར་གླེང་བ》ཞེས་པའི་དམག་དོན་སྙན་ཞུ་དང་དམག་དོན་གྱི་གནད་དོན་གྲོས་བསྡུར་བྱེད་པའི་སྐོར་གྱི་བསྡོམས་ཚིག་ཅེས་པའི་སྙན་ཞུ་ཕུལ།

3.ལིའུ་ཧྲའོ་ཆི་ཡིས《ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་པའི་སྐོར་གྱི་སྙན་ཞུ》དང་རྩ་འཛུགས་ཀྱི་གནད་དོན་གྲོས་བསྡུར་བྱེད་པའི་སྐོར་གྱི་བསྡོམས་ཚིག་ཅེས་པའི་སྙན་ཞུ་ཕུལ།

4.ཀྲོའུ་ཨེན་ལའེ་ཡིས《འཐབ་ཕྱོགས་གཅིག་གྱུར་གླེང་བ》ཞེས་པའི་གསུང་བཤད་གལ་ཆེན་གནང་།

ལོ་རྒྱུས་ཀྱི་དོན་སྙིང་།

ཚོགས་ཆེན་ཐེངས་བདུན་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། མཐའ་མཇུག་གི་འཐུས་མི་ཚོགས་ཆེན་ཡང་རེད། དེའི་སྟེང་ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ལོ་ངོ20ལྷག་ལ་ཀྱག་ཀྱོག་ངང་འཕེལ་རྒྱས་སོང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་བསྡོམས་བྱས་ཤིང་། ཡང་དག་པའི་ལམ་ཕྱོགས་དང་རྩ་འཛིན། ཇུས་གཞི་བཅས་གཏན་འཁེལ་བྱས་ནས་བཟོས་པ་དང་། ཏང་ནང་གི་ནོར་འཁྲུལ་བསམ་བློ་ཁྱད་གསོད་བྱས་ཏེ། ཏང་ཡོངས་དང་ཁྱད་པར་དུ་ཏང་གི་མཐོ་རིམ་ལས་བྱེད་པར་ཀྲུང་གོའི་དམངས་གཙོའི་གསར་བརྗེའི་འཕེལ་རྒྱས་ཆོས་ཉིད་ལ་ངོས་ཟིན་ཅུང་ཟབ་མོ་ཐོབ་པ་དང་། ཏང་ཡོངས་ལ་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་རྨང་གཞིའི་སྟེང་སྔར་བྱུང་མ་མྱོང་བའི་མཐུན་སྒྲིལ་བྱུང་།ཐེངས་དེའི་ཚོགས་ཆེན་ནི“མཐུན་སྒྲིལ་གྱི་ཚོགས་ཆེན་དང་རྒྱལ་ཁ་ཡི་ཚོགས་ཆེན”ཞིག་ལ་བརྩིས་ཏེ་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད། དེས་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པ་དང་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ལ་རྒྱལ་ཡོངས་ནས་རྒྱལ་ཁ་ཐོབ་པར་ཆབ་སྲིད་དང་བསམ་བློ། རྩ་འཛུགས་བཅས་ཀྱི་རྨང་གཞི་མཐུག་པོ་བཏིངས།

8.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ནི1956ལོའི་ཟླ9པའི་ཚེས15ཉིན་ནས་ཚེས27ཉིན་བར་པེ་ཅིང་གི་སྲིད་གྲོས་ཚོམས་ཁང་དུ་འཚོགས། ཚོགས་ཆེན་ལ་འཐུས་མི་དངོས་མ1026དང་རྗེས་སྣོན་འཐུས་མི107ཞུགས་པ་དང་། ཁོ་ཚོས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི1073གྱི་ཚབ་བྱས། རྒྱལ་ཁབ59ཡི་གུང་ཁྲན་ཏང་དང་བཟོ་པའི་ཏང་། ངལ་རྩོལ་ཏང་དང་མི་དམངས་གསར་བརྗེ་ཏང་གི་འཐུས་མི་ཚོགས་པ་དང་རྒྱལ་ནང་གི་དམངས་གཙོའི་ཏང་ཁག་སོ་སོ། དེ་མིན་ཏང་ཁག་གང་ལའང་མི་གཏོགས་པའི་དམངས་གཙོའི་མི་སྣ་བཅས་ཀྱི་འཐུས་མི་གདན་ཞུ་བྱས་ཏེ་ཚོགས་ཆེན་ལ་ཟུར་ཞུགས་བྱས།

ནང་དོན་གལ་ཆེན།

ཚོགས་ཆེན་སྟེང་ཏང་ཀྲུང་དབྱང་གིས“ཚོགས་ཆེན་ཐེངས་བདུན་པའི”ཚུན་གྱི་ལམ་ཕྱོགས་ཡང་དག་པར་ཁས་ལེན་གནང་ཞིང་། དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་བསྒྱུར་བཅོས་ཕལ་ཆེར་ལེགས་འགྲུབ་བྱུང་རྗེས། ཀྲུང་གོའི་གྲལ་རིམ་འབྲེལ་བ་དང་རྒྱལ་ནང་གི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་ཡང་དག་པའི་སྒོ་ནས་དབྱེ་ཞིབ་བྱས་ཐོག ཏང་གི་བྱ་བའི་གཙོ་གནད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་སྟེང་བསྒྱུར་རྒྱུ་གཏན་འཁེལ་བྱས།

ལོ་རྒྱུས་ཀྱི་དོན་སྙིང་།

སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཕལ་ཆེར་གཏན་འཁེལ་བྱས་པ་བསྒྲགས་པར་མ་ཟད། ཏང་གི་དེང་ཕྱིན་གྱི་རྩ་བའི་ལས་འགན་གསལ་པོར་བཏོན།

9.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ1969ལོའི་ཟླ4པའི་ཚེས1ཉིན་ནས་ཚེས24ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཆེན་ལ་འཐུས་མི1512ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི2200ཡི་ཚབ་བྱས།

ནང་དོན་གལ་ཆེན།

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》སོགས་གྲོས་ཆོད་ལ་གྲོས་འཆམ་བྱུང་།

10.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ1973ལོའི་ཟླ8པའི་ཚེས24ཉིན་ནས་ཚེས28ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཆེན་ལ་བསྡོམས་པས་འཐུས་མི1249ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི2800ཡི་ཚབ་བྱས།

དོན་དག་གལ་ཆེན།

《ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་སྙན་ཞུ》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》སོགས་གྲོས་ཆོད་ལ་གྲོས་འཆམ་བྱུང་།

11.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ1977ལོའི་ཟླ8པའི་ཚེས12ཉིན་ནས་ཚེས18ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཆེན་ལ་འཐུས་མི1510ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི3500ལྷག་གི་ཚབ་བྱས།

དོན་དག་གལ་ཆེན།

《ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་སྙན་ཞུ》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》སོགས་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ལོ་རྒྱུས་ཀྱི་དོན་སྙིང་།

“རིག་གནས་གསར་བརྗེ་ཆེན་མོ”མཇུག་རྫོགས་པ་ཁྱབ་བསྒྲགས་བྱས་པ་དང་། དུས་རབས20པར་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱ་རྒྱུའི་རྩ་བའི་ལས་འགན་བསྐྱར་བསྒྲགས་གནང་།

12.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ1982ལོའི་ཟླ9པའི་ཚེས1ཉིན་ནས་ཚེས11ཉིན་བར་པེ་ཅིན་དུ་འཚོགས། ཐེངས་དེའི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་དངོས་མ1600(མགོ་རྩོམ་མཛད་སྒོར་ཞུགས་མཁན་གྱི་མི1545)དང་། རྗེས་སྣོན་འཐུས་མི160(མགོ་རྩོམ་མཛད་སྒོར་ཞུགས་མཁན145)ཡོད་ལ། ཁོ་ཚོས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི3965ཡི་ཚབ་བྱས།

དོན་དག་གལ་ཆེན།

1. ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་འབྱེད་པའི་ཐད་འབད་བརྩོན་བྱེད་པའི་རྩ་འཛིན་གཏན་འཁེལ་བྱས་པ།

2.《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གསར་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ།

3.ཏང་གི་སྒྲིག་ཡིག་གསར་པའི་གཏན་འཁེལ་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གསར་པ་དང་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གསར་པ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གསར་པ་བདམས་པ།

ལོ་རྒྱུས་ཀྱི་དོན་སྙིང་།

ཀྲུང་གུང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བདེ་བླག་ངང་འཚོགས་པ་དེས། ཏང་གིས་བདེ་བླག་ངང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་འཕོ་འགྱུར་རླབས་པོ་ཆེ་མངོན་འགྱུར་བྱུང་བ་མཚོན་ཞིང་། དེས་ཀྲུང་གོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་བགྲོད་ལམ་གསར་པར་ཁྲིད་པར་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་ཕྱེས་པས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཡོད།

13.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ1987ལོའི་ཟླ10པའི་ཚེས25ཉིན་ནས་ཟླ11པའི་ཚེས1ཉིན་བར་པེ་ཅིན་དུ་འཚོགས། ཐེངས་དེའི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་དངོས་མ1936དང་། ཆེད་དུ་གདན་དྲངས་པའི་འཐུས་མི61(ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་མཁན་བསྡོམས་པས1953)ཡོད་ལ། ཁོ་ཚོས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི4600ལྷག་གི་ཚབ་བྱས།

དོན་དག་གལ་ཆེན།

སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ལམ་ཕྱོགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཞིང་། མྱུར་དུ་བཅོས་བསྒྱུར་དང་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར། ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་བཅས་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྔར་ལས་གཏན་འཁེལ་དང་། བཅོས་བསྒྱུར་སྒོ་འབྱེད་ཁྲོད་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཞི་རྩའི་བྱེད་ཕྱོགས་གཏན་འཁེལ་བྱས། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་ལ་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་སྙིང་བསྡུས་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས།“གོམ་པ་གསུམ་གྱིས་བགྲོད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འཁེལ་བྱས།

ལོ་རྒྱུས་ཀྱི་དོན་སྙིང་།

དེས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཕྱེས་པ་དང་། ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པར་ངོས་ཟིན་གསལ་པོ་རྙེད་ཐོག རྨང་གཞི་དེའི་སྟེང་ཀྲུང་གོའི་རྒྱལ་ཚུལ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྙེད།

14.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ1992ལོའི་ཟླ10པའི་ཚེས12ནས་ཚེས18ཉིན་བར་པེ་ཅིན་དུ་འཚོགས།

དོན་དག་གལ་ཆེན།

བློ་མཐུན་ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་མཛུབ་སྟོན་དུ་བཟུང་ནས། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ལོ་ངོ14རིང་གི་ལག་ལེན་དང་ཉམས་མྱོང་ནན་ཏན་གྱིས་ཕྱོགས་སྡོམ་དང་། རྗེས་ཕྱོགས་ཀྱི་དུས་རིམ་ཞིག་གི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ཏེ། ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བསམ་བློ་སྔར་ལས་བཅིངས་འགྲོལ་དང་ནུས་ལྡན་གོ་སྐབས་དམ་འཛིན་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱལ་ཁ་སྔར་ལས་ཆེན་པོ་ལེན་པར་སྐུལ་སློང་བྱས།

ལོ་རྒྱུས་ཀྱི་དོན་སྙིང་།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་ཏང་གི་རྩ་བའི་ལམ་ཕྱོགས་དེ་ཏང་གི་སྒྲིག་ཡིག་ཏུ་བྲིས་ཤིང་། དེས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད།

15.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ1997ལོའི་ཟླ9པའི་ཚེས12ནས་ཚེས18ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཆེན་ལ་ཞུགས་པའི་འཐུས་མི2048ཡོད་པ་དང་། ཁོ་ཚོས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི5800ལྷག་གི་ཚབ་བྱས།

དོན་དག་གལ་ཆེན།

ཚོགས་ཆེན་སྟེང་ཅང་ཙེ་རྨིན་གྱིས་ཕུལ་བའི《ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་དེ་དུས་རབས་ཉེར་གཅིག་པར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་དགོས》ཞེས་པའི་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན》སྐོར་གྱི་གྲོས་ཆོད་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་གསར་པ་བདམས་ཐོན་བྱུང་།

ལོ་རྒྱུས་ཀྱི་དོན་སྙིང་།

ཚོགས་ཆེན་ཐེངས་བཅོ་ལྔ་པས་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་ལ་སྔར་བས་རྒྱས་བཤད་དང་། དུས་རིམ་འདིའི་ཏང་གི་རྩ་བའི་རྩ་འཛིན་གསལ་པོར་བཏོན་ལ། རང་རྒྱལ་གྱི་དུས་རབས་བརྒལ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་པར་མ་ཟད། དུས་རབས་ཉེར་གཅིག་པའི་འཕེལ་རྒྱས་ལ་རྒྱང་ལྟ་བྱས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་འཛུགས་སྐྲུན་བྱེད་པའི་རྩ་བའི་དམིགས་འབེན་གྱི་བླང་བྱ་ལྟར། ཚོགས་ཆེན་ཐེངས་བཅོ་ལྔ་པའི་སྙན་ཞུ་ཡིས་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་བདག་དབང་གྲུབ་ཚུལ་དང་སྤྱི་དབང་ལམ་ལུགས་ཀྱི་ཆགས་སྟངས། ཆབ་སྲིད་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་སྤེལ་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་པ་སོགས་ཀྱི་གནད་དོན་ཐད་ནས་ཆོད་གཏམ་རབ་དང་རིམ་པ་བཏོན། ཆོད་གཏམ་འདི་དག་ནི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཐད་ཡང་བསྐྱར་བཏོན་པའི་བསམ་བློ་བཅིངས་འགྲོལ་དང་ངོས་ཟིན་གཏིང་ཟབ་ཐེངས་ཤིག་རེད།

16.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ2002ལོའི་ཟླ11པའི་ཚེས8ཉིན་ནས་ཚེས14ཉིན་བར་པེ་ཅིན་དུ་འཚོགས། ཐེངས་འདིའི་ཚོགས་ཆེན་སྟེང་ཞུགས་འོས་པའི་འཐུས་མི་དངོས་མ2114དང་། ཆེད་དུ་གདན་དྲངས་པའི་འཐུས་མི40(བསྡོམས་པས2154)(མགོ་རྩོམ་མཛད་སྒོར་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་དྲངས་པའི་འཐུས་མི་བསྡོམས་པས2134)ཡོད་ལ། ཁོ་ཚོས་ཏང་ཡོངས་ཀྱི་ཏང་ཡོན་ཁྲི6600ལྷག་གི་ཚབ་བྱས།

དོན་དག་གལ་ཆེན།

1.“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དེ་ཏང་གི་མཛུབ་སྟོན་དགོངས་པ་རུ་གཏན་འཁེལ་བྱས་པ།

2.འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་བྱེ་བྲག་གི་དམིགས་འབེན་བཏོན་པ།

ལོ་རྒྱུས་ཀྱི་དོན་སྙིང་།

ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད། དུས་བསྟུན་ལྷན་སྐྱོད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་བཏོད་པའི་ཐད་འབད་བརྩོན་ལྷོད་མེད་བྱས།

17.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ2007ལོའི་ཟླ10པའི་ཚེས15ཉིན་ནས་ཚེས21ཉིན་བར་པེ་ཅིན་དུ་འཚོགས།

དོན་དག་གལ་ཆེན།

1.ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ སྐབས་བཅུ་དྲུག་པའི་ཚབ་མཛད་དེ་ཚོགས་ཆེན་སྟེང་ཁ་བྱང་ལ《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་རྒྱལ་ཁ་གསར་པ་ལེན་པའི་ཆེད་དུ་འབད་བརྩོན་བྱེད་པ》ཞེས་པའི་སྙན་ཞུ་ཕུལ་བ།

2.ཚོགས་ཆེན་སྟེང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། བཟོ་བཅོས་འཆར་ཟིན་དེར་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ནུས་པ་ལྡན་པར་ཐག་བཅད།

3.ཚོགས་ཆེན་སྟེང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དེ་ཏང་གི་སྒྲིག་ཡིག་ནང་དུ་འབྲི་བར་འཐད་པ་བྱུང་།

ལོ་རྒྱུས་ཀྱི་དོན་སྙིང་།

ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་ནི་རང་རྒྱལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན། ཚོགས་ཆེན་སྟེང་འབོད་སྐུལ་བཏང་བ་སྟེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཀུན་གྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། གསར་གཏོད་མདུན་སྐྱོད་ཀྱིས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་རྒྱལ་ཁ་གསར་པ་ལེན་པ་དང་། མི་དམངས་ལ་མཛེས་པའི་འཚོ་བ་སྐྲུན་པའི་ལེའུ་གསར་པ་འབྲི་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས།

18.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ(བསྡུས་མིང་ལ་ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཟེར།)ནི2012ལོའི་ཟླ11པའི་ཚེས8ཉིན་པེ་ཅིན་དུ་འཚོགས། ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་མི་གྲངས2270རུ་གཏན་འཁེལ་བྱས་ཤིང་། རྒྱལ་ཡོངས་ཀྱི་བདམས་ཐོན་ལས་ཁུངས40ནས་བདམས་ཐོན་བྱུང་བ་རེད།

དོན་དག་གལ་ཆེན།

1.ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ནི་ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་དགོངས་པ་ཡིན་པ་གསལ་པོར་བསྟན་པ།

2.ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་དང་ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་མདུན་སྐྱོད་ཁ་ཕྱོགས་གཏན་འཁེལ་བྱས་པ།

3.འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པ་དང་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དམིགས་འབེན་བཏོན་པ།

4.བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་འགྲོ་བའི་སྲིད་ཇུས་ལངས་ཕྱོགས་ལ་ལན་བཏབ་པ།

ལོ་རྒྱུས་ཀྱི་དོན་སྙིང་།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ2012ལོའི་ཟླ11པའི་ཚེས14ཉིན་བདེ་བླག་ངང་མཇུག་བསྒྲིལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་གསོལ་སྟོན་ཆེན་མོ་འདི་ལ་དོ་སྣང་ཆེན་པོ་དང་གདེང་འཇོག་ལེགས་པོ་བྱས། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་འཁེལ་བྱས་པའི་བྱེད་ཕྱོགས་གལ་ཆེན་སྣ་ཚོགས་ཀྱིས་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་པོ་བསྟན་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་ཐད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པར་འདོད། ཐེངས་འདིའི་ཚོགས་ཆེན་གྱིས་སྔར་སོང་རྒྱུན་འཛིན་བྱས་ཏེ་ཡུན་རིང་ཤུགས་རྐྱེན་བཟོས་ཡོད།

19.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ།

འཚོགས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ2017ལོའི་ཟླ10པའི་ཚེས18ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་། མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་མགོ་བརྩམས། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་མཛད་དེ་ཚོགས་ཆེན་ལ་ཁ་བྱང་དུ《འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་པོ་ཆེ་ལེན་དགོས》ཞེས་པའི་སྙན་ཞུ་ཕུལ།

དོན་དག་གལ་ཆེན།

1.ཞི་ཅིན་ཕིང་གིས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་འཆར་ཟིན་ཚན་ཆུང་གི་ཚན་གཙོའི་འགན་ཁུར་པ།

2.ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་འཐབ་ཇུས་བསམ་བློ་གལ་ཆེན་རྣམས་ཏང་གི་སྒྲིག་ཡིག་ནང་བྲིས་པ།

3.འཐུས་མི2280ཡི་ཐོབ་ཐང་ནུས་ལྡན་ཡིན་པར་ངོས་བཟུང་བ།

4.ཚོགས་ཆེན་སྟེང་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་པ།

ལོ་རྒྱུས་ཀྱི་དོན་སྙིང་།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་གནད་འགག་གི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྐུལ་ལྕག་དང་སྐུལ་སློང་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་མུ་མཐུད་དུ་སྐུལ་འདེད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།