ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་མ་ཏ་ཀ་སི་ཁའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཁེ་ལི་སི་ཏི་ན་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་མ་ཏ་ཀ་སི་ཁའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཁེ་ལི་སི་ཏི་ན་དང་གྲོས་མོལ་གནང་། 

ལི་ཀྲན་ཧྲུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལ་ཆའོ་ལི་ན་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་མའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་དུ་གཏིང་ཟབ་ཏུ་སོང་ཞིང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཀྲུང་གོས་ཀྲུང་མའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་ཚད་མེད་བྱས་ནས་མ་ཏ་ཀ་སི་ཁ་དང་མཉམ་དུ་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་། “རྒྱུད་གཅིག་ལམ་གཅིག”དང“མ་ཏ་ཀ་སི་ཁ་དར་རྒྱས་གཏོང་བའི་གྲོས་མགོ”སྦྲེལ་མཐུད་ནུས་ལྡན་དང་མཉམ་སྐྲུན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་སྔར་བས་མཐོ་བར་གཏོང་འདོད་ཡོད།

ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་མ་ཏ་ཀ་སི་ཁའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཁེ་ལི་སི་ཏི་ན་དང་གྲོས་མོལ་གནང་།  

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། སང་ལོར་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་བསུ་བ་ཞུ་རྒྱུ་རེད། ཀྲུང་གོས་གོ་སྐབས་དེ་དང་བསྟུན་ནས་ཀྲུང་མའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་འདོད་ཡོད། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་དང་རིམ་པ་སོ་སོའི་འགྲོ་འོང་གཏིང་ཇེ་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་མང་སྒྲིག་གཞི་དང་ཡུལ་དུས་ཀྱི་རོགས་ལས་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱ་དགོས། གཉིས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། རང་རང་གི་དགེ་མཚན་དང་འཕེལ་རྒྱས་ཀྱི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། ཞིང་ལས་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་འཕྲོད་བསྟེན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་དགོས། ཀྲུང་གོས་ཀྲུང་གོ་དང་ཧྥེ་གླིང་གི་མཐུན་སྒྲིལ་ངང་རིམས་ནད་སྔོན་འགོག་གི་དམིགས་བསལ་དབུ་ཚོགས་ཀྱི་གྲུབ་འབྲས་མུ་མཐུད་དུ་དོན་འཁྱོལ་ཧུར་ཐག་བྱས་ནས། མ་ཏ་ཀ་སི་ཁ་དང་མཉམ་དུ་ཀྲུང་གོ་དང་ཧྥེ་གླིང་གི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞི་འཛུགས་པར་སྐུལ་འདེད་གཏོང་དགོས། བཞི་ནས་སྤྱི་ཚོགས་ཀྱི་རིག་གནས་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས་སྲོལ་རྒྱུན་གྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་དགོས། རིག་གནས་མཉམ་ལས་ཀྱི་གྲོས་ཆོད་གསར་བ་དང་ཕྱོགས་གཉིས་ནས་རིག་གནས་ལྟེ་གནས་འཛུགས་པའི་གྲོས་མཐུན་སོགས་ལ་གྲོས་མོལ་བྱས་ནས་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོའི་ཡུན་རིང་མཛའ་མཐུན་གྱི་དམངས་སེམས་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་འགྲོ་འོང་ནི་ཀྲུང་མའི་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མ་ཏ་ཀ་སི་ཁ་ཡི་རྒྱལ་དམངས་གྲོས་ཚོགས་དང་འབྲེལ་གཏུག་དམ་ཟབ་མཐའ་འཁྱོངས་བྱེད་པ་དང་། ཆེད་དོན་ཨུ་ལྷན་ཁག་དང་མཛའ་མཐུན་ཚོ་ཆུང་གི་ཁ་གཏད་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས། ཁྲིམས་ལྟར་རྒྱལ་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། དབུལ་ཕོངས་གཙང་སེལ་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་རྒྱུན་མཐུད་ངང་སྤེལ་ནས། རང་ངོས་ཀྱི་བཅོས་སྐྱོང་ནུས་པ་དང་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། དུས་ཐོག་ཏུ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕན་པའི་བཅའ་ཁྲིམས་ཀྱི་ཡིག་ཆར་ཆོག་མཆན་སྤྲོད་པ་དང་བཟོ་བཅོས་རྒྱག་པ། ཡང་ན་གསར་དུ་བཏོན་ནས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་རམ་འདེགས་བྱེད་དགོས། ཕྱོགས་མང་གྲོས་ཚོགས་འཚོག་སར་འབྲེལ་མཐུད་མཐུན་སྦྱོར་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་གི་ལངས་ཕྱོགས་དང་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས།  

ཁེ་ལི་སི་ཏི་ན་ཡིས་བསྟན་དོན། མ་ཀྲུང་རྒྱལ་ཁབ་གཉིས་པོར་འོད་སྟོང་འཕྲོ་བའི་དམིགས་བསལ་གྱི་དཔལ་ཡོན་ལྡན་པ་དང་། ཕྱི་འབྲེལ་བཙུགས་ཚུན་སྤུན་ཟླ་ལྟ་བུའི་མཛའ་མཐུན་འབྲེལ་བ་ཡུན་རིང་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བར་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་ཁྲིད་སྟོན་དང་སྐུལ་འདེད་བཏང་བ་རེད། ཀྲུང་གོས་མ་ཏ་ཀ་སི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། མ་ཏ་ཀ་སི་ཁ་ཡི་རྒྱལ་དམངས་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཏིང་ཀྲུང་ལི་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།