ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་ཤང་གྲོང་གི་འོས་འགན་སློབ་གསོའི་ཁ་གསབ་འགྲོ་གྲོན་སྒོར་དུང་ཕྱུར1739.3བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་ནོར་སྲིད་ཀྱིས2021ལོའི་ཤང་གྲོང་གི་འོས་འགན་སློབ་གསོའི་ཁ་གསབ་འགྲོ་གྲོན་སྒོར་དུང་ཕྱུར1739.3བཏང་བ་དང་དུས་མཉམ་ལས2.5%འཕར་ལ། གཙོ་བོ་ས་གནས་ཀྱིས་ཤང་གྲོང་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་ལམ་ལུགས་དངོས་འབེབས་བྱེད་པའི་ཐད་བཀོལ་ནས། ཞིང་སྡེའི་འོས་འགན་སློབ་གསོའི་དགེ་རྒན་གྱི་དམིགས་བཙུགས་ལས་རྐང་འཆར་འགོད་དང་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་འགོད་ལག་བསྟར་གང་ལེགས་བྱ་རྒྱུ་རེད།

བྱེ་བྲག་གིས་བལྟས་ན། གཅིག་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བསླབ་ཚན་གྱི་རིན་མེད་བསླབ་དེབ་སྲིད་ཇུས་ལེགས་སྒྲིག་བྱེད་པ། 2021ལོའི་དཔྱིད་དུས་སློབ་མགོ་ཚུགས་པ་ནས་བཟུང་། སློབ་ཆུང་དུས་རིམ་གྱི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བསླབ་ཚན་གྱི་རིན་མེད་བསླབ་དེབ་ཀྱི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར90ནས་མི་རེར་ལོ་རེར་སྒོར105ལ་ལེགས་སྒྲིག་བྱེད་པ་དང་། དམའ་འབྲིང་དུས་རིམ་ལ་འགྱུར་ལྡོག་བཏང་མེད། གཉིས་ནི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་དགེ་རྒན་གྱི་དམིགས་བཙུགས་ལས་རྐང་འཆར་འགོད་ལག་བསྟར་གང་ལེགས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ས་གནས་ཀྱི་གཙོ་གཞིའི་འགན་འཁྲི་ཇེ་ཆེར་བཏང་ནས། དམིགས་བཙུགས་ལས་རྐང་དགེ་རྒན་གྱི་ཟླ་ཕོགས་དུས་ལྟར་འདང་ངེས་ཀྱིས་སྟེར་བར་ཁག་ཐེག་བྱེད་པ་དང་། གཏན་འཁེལ་ལྟར་སྤྱི་ཚོགས་འགན་སྲུང་ནང་ཞུགས་དགོས་པ་མ་ཟད་དུས་ལྟར་རྒན་གསོའི་འགན་སྲུང་དང་སྨན་བཅོས་འགན་སྲུང་སོགས་ཀྱི་སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་སྤྲོད་དགོས། གསུམ་ནི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་འགོད་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། རྒྱལ་ཁབ་ཚོད་ལྟའི་ས་ཁུལ་ལ་མཁོ་བའི་མ་དངུལ་ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་འགན་འཁུར་དགོས་པ་དང་། ས་གནས་ཚོད་ལྟའི་ཚད་གཞི་དེ་སྒོར4ཡི་རྒྱལ་ཁབ་རྨང་གཞིའི་ཚད་གཞིར་སླེབས་པའི་ཞིང་ཆེན་ལ་སློབ་མ་རེར་ཆ་སྙོམས་ཀྱིས་སྒོར3གྱི་བཅད་གྲངས་ལྟར་བྱ་དགའི་ཁ་གསབ་བྱེད་དགོས། བཞི་ནི་ཤང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དངོས་འབེབས་གང་ལེགས་བྱེད་པ། མུ་མཐུད་དུ་ས་གནས་སོ་སོས་ཤང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དངོས་འབེབས་བྱེད་པར་བྱ་དགའི་ཁ་གསབ་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《སྔར་ལས་ལྷག་པའི་སྒོ་ནས་སྒྲིག་གཞི་ལེགས་བཅོས་བྱས་ཏེ་སློབ་གསོའི་འགྲོ་གྲོན་བེད་སྤྱོད་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》ལྟར"སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོགས་ཆུ་ཚད་དེ་ས་གནས་གཞུང་ཞབས་པའི་ཆ་སྙོམས་ཀྱི་ཟླ་ཕོགས་ཡོང་འབབ་ཆུ་ཚད་ལས་མི་དམའ་བའམ་མཐོ་དགོས་པ"སོགས་སྐོར་གྱི་བླང་བྱ་ཡོད་པའི་འབྲེལ་ཡོད་ཞིང་ཆེན་ལ་འོས་འཚམ་གྱིས་བྱ་དགའ་སྟེར་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།