ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི“ཧྥེ་གླིང་གི་ཞི་བདེ་དང་བདེ་འཇགས”ཀྱི་མཐོ་རིམ་ཚོགས་འདུར་གཙོ་སྐྱོང་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གྲོས་མགོའི་འོག  ཚེས19ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བརྙན་ལམ་ནས“ཧྥེ་གླིང་གི་ཞི་བདེ་དང་བདེ་འཇགས་ཏེ། ཧྥེ་གླིང་གི་རིམས་ནད་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་ནས་འགལ་རྐྱེན་གྱི་འབྱུང་རྩ་མེད་པར་བཟོ་བའི”མཐོ་རིམ་ཚོགས་འདུ་འཚོགས་པ་རེད། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་ཐེངས་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་འཚོག་པའི་གྲོས་མགོ་བཏོན་པའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འོག་ཧྥེ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་འཕྲད་པར་མཐོང་ཆེན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཧྥེ་གླིང་གི་རྒྱལ་ཁབ་དང་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། རིམས་ནད་རྗེས་སུ་བསྐྱར་སྐྲུན་བྱེད་པ། འགལ་འཛོལ་གྱི་འབྱུང་རྩ་མེད་པར་བཟོ་བ་བཅས་བྱས་ཏེ་ཧྥེ་གླིང་གི་ཡུན་རིང་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་དེ་ཡིན། 

ཝང་དབྱི་ཡིས་ཀྲུང་གོའི་ཚབ་ཞུས་ནས་གྲོས་མགོ་བཞི་བཏོན་ཡོད་དེ། དང་པོ། ཧྥེ་གླིང་གི“རིམས་ནད་འོབས་དོང”གི་ཁ་གསབ་པར་རོགས་རམ་བྱེད་པ། གཉིས་པ། ཧྥེ་གླིང་གི“ཞི་བདེའི་མཚལ་ཡིག”སེལ་པར་རོགས་རམ་བྱེད་པ། གསུམ་པ། ཧྥེ་གླིང་གི“འཕེལ་རྒྱས་ཀྱི་ཧེ་བག”ཇེ་ཆུང་དུ་གཏོང་རོགས་བྱེད་པ། བཞི་པ། ཧྥེ་གླིང་གི“བཅོས་སྐྱོང་དྲང་གཞག་མིན་པ”ཡོ་བསྲང་བྱ་རོགས་བྱེད་པ་བཅས་ཡིན། 

ཝང་དབྱི་ཡིས་བསྟན་དོན། དུས་རབས་རང་བཞིན་གྱི་རིམས་ནད་ཀྱི་མདུན་དུ། ཀྲུང་གོ་དང་ཧྥེ་གླིང་ཕྱོགས་གཉིས་པོས“ཧྥེ་གླིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་རོགས་ཟླའི་གྲོས་མགོ”ཐུན་མོང་ཐོག་འདོན་འདོད་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧྥེ་གླིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཧྥེ་གླིང་གི་དགོས་གལ་ཆེ་ཤོས་ཀྱི་ཁྱབ་ཁོངས་སུ་ཐོན་ཁུངས་བཀོལ་ཏེ། ཧྥེ་གླིང་གི་དཀའ་ངལ་སེལ་ནས་གོམ་སྟབས་ཆེན་པོས་མདུན་སྐྱོད་པར་རོགས་རམ་བྱེད་པར་རེ་འབོད་བྱེད་དགོས། ཀྲུང་གོས་སྔར་བས་མང་བའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས། ལྷག་པར་དུ་ཧྥེ་གླིང་གི་སྲོལ་རྒྱུན་མཉམ་ལས་རོགས་ཟླ་དག་གྲོས་མགོ་འདིའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ལ། “ཧྥེ་གླིང་གཙོ་ཁྲིད་དང་འདྲ་མཉམ་སྒོ་དབྱེ”ཡི་རྩ་དོན་མཐའ་འཁྱོངས་བྱས་ནས། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་ཀྱི་དངོས་འབྲེལ་ལག་བསྟར་བྱས་ཏེ་ཧྥེ་གླིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

ཚོགས་འདུས་ཀྲུང་གོས་འཆར་ཟིན་བཀོད་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།