ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཀྲུང་གོ་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཁང་གི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་ཀྲུང་གོ་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཁང་གི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཟླ5པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།   

ཧན་ཀྲིན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ཏེ། མི་དམངས་ཀྱི་ཉིན་བཞིན་ཇེ་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་རྒྱུ་ནི་འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་འོས་འགན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མིའི་སེམས་ལ་ཟབ་མོར་ཟུག་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལག་ལེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ནི་རྩོད་སྒྲུབ་གཅིག་གྱུར་དང་གཅིག་ལ་གཅིག་བརྟེན་ཡིན་པ་ར་སྤྲད་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་དང་གནད་ལ་ཁེལ་བའི་ངང་ལག་བསྟར་བྱེད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་འཕྲད་པའི་འགལ་ཟླ་དང་འགྲན་སློང་མང་པོར་ངོས་འཛིན་གང་ལེགས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་དགོས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། མུ་མཐུད་ཆུ་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མིའི་འཐུང་ཆུའི་བདེ་འཇགས་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། མཁར་གྲོང་གི་བཙོག་ཆུ་དང་དྲི་ཆུར་མུ་མཐུད་བཅོས་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ཆུ་སྤུས་ཇེ་ལེགས་སུ་གཏོང་དགོས། འབྲི་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཉམས་གསོ་ཡག་པོ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་ཆུའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་མ་ལག་ལ་ཞིབ་འཇུག་བྱས་ནས་འཛུགས་པ་དང་། ཕན་ནུས་ལྡན་པའི་སྐུལ་ལྕག་དང་ཚོད་འཛིན་གྱི་ལམ་སྲོལ་ཆགས་པ་བཅས་བྱས་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཐུན་མོང་སྲུང་སྐྱོང་ཆེན་པོར་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་འདུ་འགོད་ལ་འཆར་འགོད་འཛུགས་སྐྲུན་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས། བྱེད་ཐབས་གསར་གཏོད་ཀྱིས་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་འགོག་བཅོས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།   

ཚོགས་འདུ་མ་འཚོགས་གོང་། ཧན་ཀྲིན་གྱིས་ཆུ་གཟུགས་སྦགས་བཙོག་ཚོད་འཛིན་དང་བཅོས་སྐྱོང་ཚན་རྩལ་གྱི་ཆེད་དོན་གྲུབ་འབྲས་གལ་ཆེན་གྱི་འགྲེམས་སྟོན་སྙན་ཞུར་གསན་པ། 

ཧན་ཀྲིན་གྱིས་བསྟན་དོན། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པར་གཙོ་གནད་འབུར་དུ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། པེ་ཅིང་དང་ཐེན་ཅིན། ཧོ་པེ་དང་མཐའ་འཁོར། ཧྥུན་ཝེ་བདེ་ཐང་སོགས་གཙོ་གནད་ས་ཁུལ་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་ལས་དོན་མུ་མཐུད་དུ་སྤེལ་ནས་དགུང་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། གཙོ་གནད་ལས་རིགས་ཀྱི་ཐོན་ནུས་གཅོག་པའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཟད་གྲོན་ཆེ་བ་དང་ཕྱིར་འབུད་མང་བའི་རྣམ་གྲངས་ལ་ཚོད་འཛིན་ནན་པོ་བྱས་ཏེ་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་དག་ཐག་གཅོད་བྱེད་པ་དང་། རིལ་དངོས་དང་དྲི་ངན་དབྱང་རིམ་ལ་མཐུན་སྦྱོར་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རླུང་ཁམས་ཆེན་མོའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་ཁག་ཐེག་བྱེད་དགོས། 

ཧན་ཀྲིན་གྱིས་བསྟན་དོན། ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་གི་དམིགས་ཚད་མངོན་འགྱུར་ཡོང་བར་རྣམ་འགྱུར་ནན་མོ་དགོས་ལ། དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ། ཨར་ལས་རི་མོ་བཅས་གསལ་བོ་དགོས། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་ངང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། ནུས་ཁུངས་གྲུབ་ཚུལ་ལེགས་འགྱུར། དྭངས་གཙང་དང་ཐཱན་ཉུང་། བདེ་འཇགས། ཆོད་ཆེ་བཅས་ཀྱི་ནུས་ཁུངས་མ་ལག་འཛུགས་དགོས། 

ཚོགས་འདུ་མ་འཚོགས་གོང་། ཧན་ཀྲིན་སྔ་རྗེས་སུ་རླུང་ཁམས་ཆེན་མོའི་འོད་རྫས་འགྱུར་དུ་སྨུག་སྒམ་ཚོད་ལྟ་ཁང་དང་། ཁོར་ཡུག་གི་ཚད་གཞི་དང་ཉེན་ཁ་ཚོད་སྐོར་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཅས་སུ་ཕེབས་ནས་རླུང་ཁམས་ཆེན་མོའི་སྦགས་བཙོག་གི་འབྱུང་རྐྱེན་དང་བཅོས་སྐྱོང་ཚན་ཞིབ་ཀྱི་གྲུབ་འབྲས་ཀྱི་ངོ་སྤྲོད་ལ་གསན་ཞིང་། ཚོད་ལྟ་ཁང་གི་སྤྱིའི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཆུ་གཟུགས་སྦགས་བཙོག་ཚོད་འཛིན་དང་བཅོས་སྐྱོང་ཚན་རྩལ་གྱི་ཆེད་དོན་གྲུབ་འབྲས་གལ་ཆེན་གྱི་འགྲེམས་སྟོན་སྙན་ཞུར་གསན་པ་རེད། 

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་ཤིང་། ཆེད་མཁས་པ་འཐུས་མི་བཞིས་སོ་སོར་འབྲི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་མཉམ་འབྲེལ་ཞིབ་འཇུག་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་བཅས་ཀྱི་ཐད་གཏམ་བཤད་གནང་། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།