ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་ཚོམ་ཅི་ཡང་མེད་པར་འགོག་ཁབ་རྒྱག་པ་ནི་ཆེས་ནུས་ལྡན་གྱི་རིམས་འགོག་ཐབས་ཤེས་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གློ་བུར་ཏུ་རང་སའི་པྲོག་སར་གློ་ཚད་ཀྱི་ནད་དཔེ་བྱུང་བ་དེས། ཨན་ཧུའེ་ཞིང་ཆེན་གྱི་ཉིན440རིང་གི་རང་སའི་ནད་དཔེ་མེད་པའི་ཟིན་ཐོ་གཏོར་བ་རེད། ཟླ5བའི་ཚེས13ཉིན་ནས་བཟུང་། ཨན་ཧུའེ་དང་ལིའོ་ཉིང་ཞིང་ཆེན་གཉིས་སུ་ཉིན2རིང་ལ་གདགས་གཤིས་ཡིན་པའི་ནད་དཔེ20ཙམ་བྱུང་། དོ་སྣང་བྱེད་དགོས་པ་ཞིག་ནི་ཨན་ཧུའེ་དང་ལིའོ་ཉིང་ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་རིམས་འགོག་སྡེ་ཁག་ཚང་མས་གསར་དུ་ཐོན་པའི་ནད་པས་འགོག་ཁབ་བརྒྱབ་མེད་ཅེས་བསྟན།

པྲོག་གསར་ནད་དུག་དང་ལོ་གཅིག་ལྷག་གི་རིང་ལ་འབྲེལ་བ་བྱེད་པའི་བརྒྱུད་རིམ་ཁྲོད། ས་ཁུལ་སོ་སོས་ཕན་ནུས་ལྡན་པའི་རིམས་འགོག་གི་ཉམས་མྱོང་མང་པོ་བསགས་ཡོད། ཐེངས་འདིའི་རིམས་ནད་ལའང་ང་ཚོས་བརྟན་ཞིང་བརླིང་བའི་སྒོ་ནས་ཁ་གཏད་འཇལ་ཐུབ་པར་ཡིད་ཆེས་ཡོད། འོན་ཀྱང་ནད་པར་འགོག་ཁབ་མ་བརྒྱབ་ཅེས་པའི་གནས་ཚུལ་གྱིས་མི་ཚང་མར་གསལ་བརྡ་ཐེངས་ཞིག་བརྒྱབ་ཡོད་དེ། རིམས་འགོག་སྲུང་ཡོལ་བསྐྲུན་པར་འགོག་ཁབ་བརྒྱབ་པ་ནི་འདོད་མི་འདོད་ཀྱི་དོན་དག་རང་ག་བ་ཞིག་མིན་པར་ངེས་པར་དུ་རྒྱག་དགོས་པའི་དོན་དག་འགངས་ཆེན་ཞིག་གོ

ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ནན་གྱིས་བསྟན་དོན། འགོག་ཁབ་བརྒྱག་པ་ནི་ཚོགས་སྤྱི་རིམས་ཐར་མངོན་འགྱུར་བྱེད་པའི་ངེས་དོན་ཐབས་ཤེས་དེ་ཡིན་པས70%ནས80%བར་གྱི་འགོག་ཁབ་རྒྱག་ཕྱོད་མངོན་འགྱུར་བྱེད་དགོས། འོན་ཀྱང་། ཟླ4བའི་ཚེས14ཉིན་བར། བསྡོམས་པས་ཞིང་ཆེན13(ཁུལ་དང་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཁག་གིས་འགོག་ཁབ་ཁྲི38063.3བརྒྱབ་པ་ཡར་ཞུ་བྱས་ཡོད། དེ་དབྱིན་ཇི་དང་ཨ་རིར་བསྡུར་ན་ཧ་ཅང་ཉུང་། འགོག་ཁབ་རྒྱག་ཕྱོད་ཇེ་མཐོར་མ་བཏང་ན་དུས་ཡུན་ཐུང་ངུའི་ནང་དུ་ང་ཚོའི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་འབྱུང་མི་ཐུབ། 

ཧ་ཅང་དགའ་འོས་པ་ཞིག་ནི་ཉེ་ཆར་མི་འགའ་ཤས་ཀྱི་འགོག་ཁབ་རྒྱག་པའི་ཐད་ཀྱི་ཐེ་ཚོམ་ལ་གཡོ་སྒུལ་ཅུང་ཟད་བྱུང་ཡོད། གནས་ཚུལ་སྤེལ་བ་ལྟར་ན། ཨན་ཧུའེ་རུ་རང་སའི་ནད་དཔེ་ཐོན་རྗེས། ཟླ4བའི་ཚེས14ཉིན་རྒྱལ་ཡོངས་སུ་འགོག་ཁབ་ཁྲི1372ལྷག་བརྒྱབ་པ་དང་། དེས་ཟླ3པའི་ཚེས14ཉིན་ཀྲུང་གོར་པྲོག་གསར་རིམས་ནད་ཀྱི་འགོག་ཁབ་རྒྱབ་པའི་གནས་ཚུལ་ཉིན་རེར་ཡར་ཞུ་བྱེད་པའི་ལམ་སྲོལ་བཙུགས་ཚུན་གྱི་ཉིན་གཅིག་གི་འགོག་ཁབ་བརྒྱབ་པའི་ཁ་གྲངས་ཀྱི་ཟིན་ཐོ་སྐྲུན་ཡོད། ཟླ5བའི་ཚེས14ཉིན་ཧོ་ཧྥེ་རུ་འགོག་ཁབ་ཁྲི36བརྒྱབ་པ་དང་། ས་གནས་དེའི་ཟིན་ཐོ་བསྐྲུན། ས་ཁུལ་མང་བོར་འགོག་ཁབ་རྒྱག་མཁན་གྱིས་གྲལ་ཕྲེང་རིང་བོ་སྒྲིག་པའི་གནས་ཚུལ་བྱུང་། 

འགོག་ཁབ་རྒྱག་པར“ལྟད་མོར་བལྟ་བ”ནས་ཐེ་ཚོམ་སྐྱེས་བ་དང་ད་ལྟའི་འཚང་ཁ་ཤིག་ཤིག་གིས་འགོག་ཁབ་རྒྱག་པའི་བསམ་ཚུལ་གྱི་འགྱུར་ལྡོག་ལས། ང་ཚོས་མི་མང་པོས་འགོག་ཁབ་རྒྱག་པའི་གལ་ཆེན་རང་བཞིན་དང་ངེས་མཁོ་རང་བཞིན་ཤེས་རྟོགས་འབྱུང་ཐུབ་པར་རེ་སྨོན་བྱས་ཡོད། ས་གནས་སོ་སོས་མང་ཚོགས་ཀྱི་འགོག་ཁབ་རྒྱག་པའི་བསམ་འདུན་སྐོང་ཅི་ཐུབ་དང་མཐུན་སྦྱོར་ཡག་པོ་བྱས་པ་དང་ལྷན་དུ། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་ཁབ་རྒྱག་ས་བཀོད་སྒྲིག་དང་མི་རྣམས་ཀྱིས་འགོག་ཁབ་རྒྱག་པར་ཁྲིད་སྟོན་བྱེད་དགོས། ས་ཁུལ་ཁ་ཤས་ཀྱི་རིམས་འགོག་མི་སྣས་སྒོ་ཁྱིམ་དུ་འཛུལ་ནས་ཞབས་ཞུ་བྱེད་པ་དང་རེས་སྐོར་སྒོས་འགོག་ཁབ་རྒྱག་པ། འགོག་ཁབ་རྒྱག་ས་བསྐྲུན་པ་སོགས་ཀྱི་བྱེད་ཐབས་རྒྱལ་ཡོངས་སུ་མགྱོགས་མྱུར་ངང་ཁྱབ་གདལ་དུ་གཏོང་དགོས། 

ནད་དུག་གི་མདུན་དུ། སྟེས་དབང་གི་བསམ་ཚུལ་འཛིན་མི་འོས། ལྷག་པར་དུ་འགོག་ཁབ་ལ་ཚན་རིག་གི་ལྟ་བ་འཛིན་པ་ལས་དགོས་མེད་ཀྱི་སེམས་ཁྲལ་དང་དངངས་སྐྲག་སྐྱེས་མི་དགོས། འགོག་ཁབ་རྒྱག་པ་ནི་རང་དང་ཁྱིམ་མིར་འགན་ཁུར་བ་ཡིན་ལ། སྤྱི་ཚོགས་ཁྱོན་ཡོངས་ལ་ཕུལ་བའི་ལེགས་སྐྱེས་ཞིག་ཀྱང་ཡིན། མི་ཚང་མའི་གཞོགས་འདེགས་དང་དངོས་ཐོག་གི་འགུལ་སྐྱོད་བརྒྱུད་འགོག་ཁབ་རྒྱག་ཕྱོད་ཇེ་མཐོར་བཏང་ན། ད་གཟོད། རིམས་འགོག་སྲུང་ཡོལ་བསྐྲུན་ཐུབ་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་རྣམ་པར་སྒྱུར་ཐུབ་ངེས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།