ཝང་དབྱི་ཡིས་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལོས་ཞི་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལོས་ཞི་ལ་ཁ་པར་བཏང་།

ཝང་དབྱི་ཡིས་བཤད་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་མཛའ་མཐུན་མཉམ་ལས་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བརྩིས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ལ་སྔར་ལས་འོད་སྟོང་འབར་བའི་མདུན་ལྗོངས་གསར་སྐྲུན་བྱེད་དགོས་ཟེར།

ཝང་དབྱི་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་མུ་མཐུད་དུ་ཕ་ཁི་སི་ཐན་ཕྱོགས་དང་མཉམ་གནས་བྱས་ཏེ། ཕ་ཁི་སི་ཐན་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕ་ཁི་སི་ཐན་ཕྱོགས་ནི་ཕྱི་ཕྱོགས་འགོག་སྨན་མཉམ་ལས་ཀྱི་ཐོག་མའི་ཁ་ཕྱོགས་བྱེད་པར་མ་ཟད་ཕ་ཁི་སི་ཐན་ཕྱོགས་ཀྱི་རིམས་འགོག་ཐད་ལ་སྔར་ལས་མང་པོའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ནས་རིམས་འགོག་དངོས་རྫས་ཉོ་སྡུད་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་འདོད་ཡོད་ཟེར།

ཁུའུ་ལོས་ཞི་ཡིས་ཐོག་མར་ཀྲུང་གོའི་ཐེན་ཝུན་ཨང་དང་པོ་རྟགས་ཅན་གྱི་འཚོལ་བཤེར་འཕྲུལ་ཆས་བདེ་བླག་ངང་སྐར་མ་མིག་དམར་སྟེང་བབས་པར་རྟེན་འབྲེལ་ཞུས། ཁོས་བཤད་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་ཏེ། ཕ་ཁི་སི་ཐན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་ཐད་ནས་ཕ་ཁི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་ནས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།