ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”ཡི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་ལ་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཧྲན་ཞི་ཞི་ཨན་དུ“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”ཡི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་གཉིས་པར་མགོ་འཛིན་མཛད། ཧ་ས་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཐེ་ལེ་ཝུའུ་པེར་ཅི་དང་། ཅི་འར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་ཀྲ་ཁེ་པ་ཡེ་ཧྥུ། ཐཱ་ཇག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧོ་ལི་ཏིང་། ཐུར་ཁུ་མན་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་མེ་ལེ་ཏུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་སྨི་ལུའོ་ཧྥུའུ་བཅས་ཚོགས་འདུར་ཞུགས། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་མཉམ་སྡེབ་མཉམ་ལས་ནི་དུས་ལ་འཁེལ་བ་དང་མདུན་ལམ་ཆེན་པོ་ཡོད་ལ་ལས་སྒྲུབ་ཆེན་པོ་ལྡན། ད་ལོ་ནི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་རང་བཙན་བྱུང་ནས་ལོ30འཁོར་བའི་ལོ་རེད། འདས་ཟིན་པའི་ལོ30ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཛའ་མཐུན་རྒྱུན་འཛིན་དང་གསར་འབྱེད་མཉམ་ལས་བྱས་པའི་ལོ30ཡིན། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག ང་ཚོས་འབྱུང་འགྱུར་ལོ30ལ་དམིགས་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་ལ། རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་ས་ཁོངས་མཉམ་ལས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འཕེལ་རྒྱས་ཀྱི་རྒྱུད་མཉམ་དུ་བཏོད་དེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས། 

ཝང་དབྱི་ཡིས་དེའི་ཐད་གྲོས་འགོ་ལྔ་བཏོན་ཡོད་དེ། གཅིག་ནི་མཐུན་སྒྲིལ་ངང་རིམས་ནད་འགོག་བཅོས་བྱས་ཏེ་ཐུན་མོང་གིས་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས། གཉིས་ནི་གསར་འབྱེད་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཐུན་མོང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་སྔོན་སྐྱོད་ཁུལ་སྐྲུན་དགོས། གསུམ་ནི་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་གིས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་ཕན་ཚུན་སྦྲེལ་མཐུད་ཀྱི་བགྲོད་ལམ་ཆེན་པོ་བཏོད་དགོས། བཞི་ནི་དཀའ་སྡུག་མཉམ་མྱོང་མཐའ་འཁྱོངས་བྱས་ཏེ་ཐུན་མོང་གིས་ས་ཁུལ་གྱི་དུས་བབ་བརྟན་ལྷིང་གི་ལམ་བུ་གཏོད་དགོས། ལྔ་ནི་འབྲེལ་འདྲིས་དང་ཕན་ཚུན་དཔེར་འཛིན་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཟོ་དགོས།  

རྒྱལ་ཁབ་ལྔའི་ཕྱི་འབྲེལ་པུའུ་ཀྲང་གིས་བསྟན་དོན། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཞིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་འདོད་ཡོད། 

རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་པུའུ་ཀྲང་གིས་ད་དུང་མིག་སྔའི་ཨ་ཧྥུ་ཧན་གྱི་དུས་བབ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་ཇི་ལྟར་བྱ་རྒྱུའི་ཐད་གྲོས་བསྡུར་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།