ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱིས་ཏང་གི་སྤྱོད་ཚུལ་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གོང་གིས་འོག་ལ་སྣེ་ཁྲིད་ནས་དར་སྲོལ་བཟང་པོ་ཆགས་པར་བྱེད།

བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་གཏོང་བ་ནས་གྲོས་ཚོགས་ཁུ་བསྡུ་བྱེད་པ་དང་ཚོགས་སྲོལ་ལེགས་བཅོས་གཏོང་བ། ཡིག་ཆ་དང་གསར་འགྱུར་གནད་བསྡུས་ཁུ་བསྡུ་བྱེད་པ་དང་ཡིག་ཆ་སྤེལ་སྟངས་དངོས་གནས་ལེགས་བཅོས་གཏོང་བ་ནས་ཕྱི་རྒྱལ་དུ་འཚམས་འདྲིའི་བྱེད་སྒོར་ཞུགས་པ་ཚད་ལྡན་དུ་གཏོང་བ། ཉེན་སྲུང་བྱ་བ་ལེགས་བཅོས་བྱེད་པ་ནས་གསར་འགྱུར་སྤེལ་བ་ལེགས་བཅོས་བྱེད་པ། གཟབ་ནན་གྱི་རྩོམ་ཡིག་སྤེལ་བ་ནས་ཧུར་བརྩོན་གྲོན་ཆུང་བྱེད་པ་བཅས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་ཁོངས་སུ་མ་འདུས་པ་ཞིག་མེད།

“ཁྲིམས་ལ་མཁས་མཁན་གྱིས་སྔོན་ལ་རང་ཉིད་གཅུན་པ་དང་རྗེས་སུ་གཞན་ལ་གཅུན་པར་བྱེད།”“འཁོར་ཉུང་སྟབས་བདེ”དང“མང་ཚོགས་ཀྱི་སྣེ་ལེན་དང་སྐྱེལ་མ་བཀོད་སྒྲིག་མི་བྱེད་པ”ནས“མགྲོན་བསུ་ས་གདན་མི་འདིང་བ”དང“དར་ཚོན་གཅོད་པ་དང་རྩིག་རྨང་འདིང་བའི་བྱ་འགུལ་སྣ་ཚོགས་ལ་མི་ཞུགས་པ།”“གྲོས་ཚོགས་དང་བྱ་འགུལ་ཁུ་བསྡུ་བྱེད་པ”དང“ཡིག་ཆ་དང་གསར་འགྱུར་གནད་བསྡུས་ཁུ་བསྡུ་བྱེད་པ”ནས“བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་གཏོང་བ”དང“གསར་འགྱུར་སྤེལ་སྟངས་ལེགས་བཅོས”བྱེད་པའི་བར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གང་བཤད་དོན་འཁྱོལ་དང་གང་བྱས་མཐའ་འཁྱོལ་བྱེད་པ་དང་། སྔོན་ལ་མིག་དཔེ་སྟོན་པ་དང་དངོས་སུ་ཉམས་ལེན་བྱེད་པ། འགུལ་སྐྱོད་དེ་བཀའ་བརྡ་རུ་བརྩི་བ་དང་རང་དཔེ་གཞན་སྟོན་བཅས་བྱས་ནས། ཏང་ཡོངས་ལ་གཟི་འོད་འབར་བའི་མིག་དཔེ་བསྐྲུན།

ལོ་རེར་འཚོགས་པའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་དང་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སོགས་གྲོས་ཚོགས་གལ་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྲུན་ཐད་བླང་བྱ་གསལ་པོ་བཏོན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྔ་གཞུག་ཏུ་ཐེངས་གང་མང་ལ་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བསྡུར་སྐྱོན་བཤེར་བྱས་ནས། ཏང་གཤིས་དབྱེ་ཞིབ་དང་སྐྱོན་བརྗོད་བྱེད་པ། རང་སྐྱོན་རང་བརྗོད་བཅས་བྱེད་དུ་བཅུག་སྟེ། རང་སྟེང་གི་འཛུགས་སྐྲུན་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་ཞིབ་འཇུག་བྱས།

པེ་ཅིན་སློབ་ཆེན་སྲིད་སྐྱོང་འཛུགས་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲོང་ཏི་རུའེ་ཡིས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་ཉིད་ནས་མགོ་བརྩམས་ཏེ། གོང་ནས་འོག་ལ་སྣེ་ཁྲིད་པའི་སྲོལ་བཟང་ཆགས་འདུག་ཅིང་། འདི་ཡིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་བར་མ་ཟད། སྤྱི་ཚོགས་ཀྱི་དར་སྲོལ་ཡང་སྔར་ལས་ལྷག་པར་ཇེ་གཙང་དུ་བཏང་ཡོད་སྙམ།

ཟླ4པ་ནི་ཏག་ཏག་དཔྱིད་དུས་ཀྱི་ཆེས་མཛེས་པའི་དུས་ཚིགས་ཡིན། ཀྲེ་ཅང་ཧང་ཀྲོའུ་ཞི་ཧུའུ་མཚེའུའི་མཛེས་ལྗོངས་ཁུལ་གྱི་བྱང་རིའི་ལམ་གྱི་ཨང་རྟགས44—49པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཧང་ཀྲོའུ་ལོ་རྒྱུས་ཁང་ཡིན་ལ། ལས་བྱེད་པ་དང་མང་ཚོགས་མང་པོ་འདིར་ཡོང་རྒྱུར་དགའ་པོ་ཡོད། འོན་ཀྱང་ལོ7གྱི་སྔོན་དུ། གནས་དེ་ནི་རིམ་པ་མཐོ་བའི་ཚོང་གཉེར་འདུ་གནས་ཤིག་སྟེ། མཛེས་བཟོ་རྒྱས་སྤྲོས་ཆེ་ཞིང་སྔོ་ཚལ་གྱི་རིན་གོང་ཤིན་ཏུ་མཐོ་བས། སྤྱིར་བཏང་གི་འབངས་མི་རྣམས་ཀྱིས་ནི་རྒྱང་ལྟ་བྱེད་པ་ཙམ་ལས་ཉེ་སར་བཏུད་མི་བཟོད་པའི་གནས་ཤིག་ཡིན།

2013ལོ་ནས་བཟུང་། ཀྲེ་ཅང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“འདུ་གནས་ཁྲོད་ཀྱི་སྲོལ་ངན”ཞེས་པའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ། ཧང་ཀྲོའུ་གྲོང་ཁྱེར་སྒྲིག་ཨུས་ཞི་ཧུའུ་མཚེའུ་གཙོ་གནད་དུ་བཟུང་སྟེ། རིམ་པ་མཐོ་བའི་ཚོང་གཉེར་འདུ་གནས56གི་སྒོ་བརྒྱབ་པ་དང་དག་ཐེར་བྱས། 2020ལོར། ཧང་ཀྲོའུ་གྲོང་ཁྱེར་གྱིས་འདུ་གནས་བཅོས་སྐྱོང་ལ“ཕྱི་མིག་བལྟ་བ”ཞེས་པ་སྤེལ་མགོ་བརྩམས་ནས། ཞི་ཧུའུ་མཚེའུའི་འགྲམ་གྱི་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་བསྐྱར་དུ་འཕར་བ་ནན་འགོག་བྱས། ཧང་ཀྲོའུ་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་བལྟས་ཡོང་ན། ཞི་ཧུའུ་མཚེའུའི་འགྲམ་གྱི་དགའ་འོས་པའི་འགྱུར་ལྡོག་ནི། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་པ་དེ་ཡིན་པར་བསམ།

ལག་ལས་ཀའི་རི་མོ་གསལ་ཞིང་། དོན་བྱ་བའི་འབྲས་བུ་མངོན་པ།

ལག་ལས་ཀའི་རི་མོ་གསལ་ཞིང་། དོན་བྱ་བའི་འབྲས་བུ་མངོན་པ་ནི་མི་མང་པོ་ཞིག་ལ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་གཟབ་ནན་གྱིས་དོན་འཁྱོལ་བྱས་པ་ལས་བཞག་པའི་བག་ཆགས་རེད། འདི་ནི་ཐད་ཀར་ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སྟེང་མངོན་ཡོད་ཅིང་། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སོ་སོ་དང་ལྗོངས་སོ་སོ། གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོ། ཀྲུང་དབྱང་གི་ཁེ་ལས་སོ་སོ་དང་ཀྲུང་དབྱང་གི་དངུལ་ལོར་ཁེ་ལས་སོ་སོ་སོགས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པའི་གནས་ཚུལ་ཟླ་རེར་ཡར་སྤྲོད་པའི་ལམ་ལུགས་བཙུགས་ཡོད་ཅིང་། ད་དུང་དྲ་ཚིགས་སུ་དཔེ་མཚོན་ཅན་གྱི་དོན་དག་དམར་འདོན་བྱེད་པའི་ཆེད་སྒྲིག་ལེ་ཚན་ཡང་བཀོད་སྒྲིག་བྱས་འདུག

2021ལོའི་ཟླ2པའི་བར། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བསྟུད་མར་ཟླ་བ89ཡི་རིང་ལ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བ་དང་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་ཟླ་རེའི་སྙན་ཞུའི་གཞི་གྲངས་ཁྱབ་བསྒྲགས་བྱས། 2013ལོའི་ཟླ9པར་ཐོག་དང་པོར་ཟླ་རེའི་སྙན་ཞུའི་གཞི་གྲངས་ཁྱབ་བསྒྲགས་བྱས་པའི་ཚུན་དུ། “གཞི་གྲངས་བསྡོམས་རྩིས་དམིགས་ཚད་མ་ལག”དེས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པར་ལྟ་སྐུལ་བྱེད་པའི་བྱ་བའི་ལག་ལེན་ཁྲོད། “མཛུབ་སྟོན་དབྱུ་གུ”དང“རླུང་ཕྱོགས་སྟོན་རྟགས”ཀྱི་ནུས་པ་གལ་ཆེན་ཐོན་གྱིན་ཡོད།

ཏང་གཟབ་ནན་གྱིས་བསྐྱངས་ནས། སྙིང་རུས་ལྷོད་མེད་དུ་བསྐྱེད་པ།

2019ལོའི་ཟླ10པའི་ཚེས1ཉིན་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འགོར་བར་མང་ཚོགས་ཀྱིས་ཁྲོམ་སྐོར་བྱས་ནས་རྟེན་འབྲེལ་ཞུ་བའི་ཁྲོད། “ཏང་གཟབ་ནན་གྱིས་སྐྱོང་བ”ཞེས་པའི་རུ་བསྟར་གྲུ་བཞིའི་རྒྱན་སྤྲས་རླངས་འཁོར་སྟེང་གི“ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན”ཞེས་པར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་ལ། དེ་ལས་མི་དམངས་ཀྱི་བསམ་ཚུལ་ཇི་བཞིན་མཚོན་ཡོད།

ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་ད་ལྟ་བ་ལས་མཇུག་རྫོགས་ཟིན་ཟེར་བ་ཞིག་མེད། 2013ལོའི་ཟླ1པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ནན་གྱིས་བསྟན་དོན། གཏན་འཁེལ་བརྒྱད་ནི་ཆེས་མཐོ་བའི་ཚད་ཐིག་མིན་ལ། ཆེས་མཐའ་མཇུག་གི་དམིགས་ཡུལ་དེ་བས་ཀྱང་མིན། དེ་ནི་ང་ཚོས་སྤྱོད་ཚུལ་ལེགས་བཅོས་གཏོང་བའི་གོམ་པ་དང་པོ་ཡིན་ལ། ང་ཚོ་གུང་ཁྲན་ཏང་མི་ཞིག་ཡིན་པའི་ཆ་ནས་སྒྲུབ་འོས་པའི་རྩ་བའི་བླང་བྱ་ཡིན།

2017ལོའི་ཟླ10པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་ལེན་དོན་འཁྱོལ་བྱེད་པའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ》ཞེས་པར་གྲོས་ཞིབ་གནང་། དག་བཅོས་བྱས་རྗེས་ཀྱི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་རུ། ལོ་འདི་དག་གི་རིང་ལ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་གཞིར་བཟུང་སྟེ། བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་གཏོང་བ་དང་གྲོས་ཚོགས་དང་བྱ་འགུལ་ཁུ་བསྡུ་བྱེད་པ། ཡིག་ཆ་དང་གསར་འགྱུར་གནད་བསྡུས་ཁུ་བསྡུ་བྱེད་པ། ཕྱི་རྒྱལ་གྱི་འཚམས་འདྲིའི་བྱེད་སྒོར་ཞུགས་པ་ཚད་ལྡན་དུ་གཏོང་བ། གསར་འགྱུར་འགོད་སྤེལ་ལེགས་བཅོས་དང་ཧུར་བརྩོན་གྲོན་ཆུང་བྱེད་པ་སོགས་དང་འབྲེལ་བའི་ནང་དོན་དམིགས་སུ་བཟུང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཚད་ལྡན་དང་ཞིབ་ཕྲ། འཐུས་ཚང་བཅས་སུ་བཏང་། གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་རྒྱུན་འཁྱོངས་ལྷོད་མེད་དང་སྤྱོད་བཟང་སྒྲིག་ནན་ཡོང་བར་ཇུས་ཆོད་གསར་པ་བཏོན་པ་དང་། ང་ཚོས་ངེས་པར་དུ་གོང་ནས་འོག་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་གྲུབ་འབྲས་དོན་འཁྱོལ་བྱེད་པ་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་སྤྱོད་ཚུལ་བསྒྱུར་ཏེ། ཏང་གི་སྤྱོད་ཚུལ་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་། ཏང་དང་མི་དམངས་ཀྱི་བསམ་ཕྱོགས་གཅིག་དང་འབད་སའི་ལས་གཅིག་ཡིན་པ་ཁག་ཐེག་དང་། ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་སྲུང་བྱེད་དགོས།

དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད་དེ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ནི་གནས་སྐབས་ཀྱི་བྱེད་ཐབས་ཙམ་མ་ཡིན་པར། དེ་ནི་ཏང་ཡོན་ཁྲི9000ལྷག་ལ་བྱ་སྤྱོད་ཀྱི་ཚད་གཞི་གཏན་འབེབས་བྱས་པ་ཞིག་རེད།

དཀའ་བའི་ལས་ལ་ཧུར་གྱིས་མ་འབད་ཚེ། ། ལན་གཅིག་ལྷོད་གཡེང་གིས་ཀྱང་སྟོངས་པར་འགྱུར། ། ང་ཚོས“འཛེར་མ་རྡེབ་པའི་སྙིང་སྟོབས”དར་སྤེལ་བཏང་ནས། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་ལེགས་པོར་འཛིན་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

2020ལོར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་བསྡོམས་པས་ཁྲི13.6ལྷག་ཞིབ་འཇུག་ཐག་གཅོད་བྱས་པ་དང་། རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བསྡོམས་པས་ཁྲི7.9ཞིབ་འཇུག་ཐག་གཅོད་བྱས་ཤིང་། མི་ཁྲི11.8ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས། དེའི་ཁྲོད་མི་ཁྲི6.3ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་ལ་འགལ་བའི་ཆད་པ་བཅད་པ་དང་། རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་གནད་དོན་ཁྲི5.7ཞིབ་འཇུག་ཐག་གཅོད་བྱས་ཤིང་། མི་ཁྲི8ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས། དེའི་ཁྲོད་མི་ཁྲི5.7ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་དང་འགལ་བའི་ཆད་པ་བཅད། འདིས་ང་ཚོའི་ཏང་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས“སྤྱོད་ཚུལ་བཞི”ཡི་གནད་དོན་དག་ཐེར་བྱེད་པའི་ཆོད་སེམས་མཚོན་ཡོད།

ད་ལོ་ནི“ལྔ་བཅུ་བཞི”ཡི་འཆར་གཞི་ལག་བསྟར་བྱེད་པའི་ལོ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་པ་མགོ་རྩོམ་པའི་ལོ་དང་པོ་ཡིན་ལ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བྱེད་ཕྱོགས་གཏིང་ཟབ་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་རླབས་ཆེ་བའི་རང་ཉིད་གསར་བརྗེ་སྤེལ་ཤ་སྟག་བྱས་ནས། ནམ་ཡང་ཐོག་མའི་བསམ་འདུན་སྲུང་ཞིང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དྲང་སྒྲུབ་བཅས་བྱས་ན། ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱལ་ཁ་གསར་པ་ལེན་ཐུབ་པ་ཐག་ཆོད་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།