ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འབར་བའི་ལོ་འཁོར་བརྒྱ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།   སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1921ལོ་ནས2021ལོའི་བར་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་འཁོར་བརྒྱ་ཏག་ཏག་གི་ལོ་རྒྱུས་བརྒྱུད་ཡོད། འདི་ནི་ཁྲག་དྲོན་དང་རྔུལ་ཆུ། མིག་ཆུ། བློ་སྤོབས། བློ་གྲོས། སྟོབས་ཤུགས་བཅས་ལ་བརྟེན་ནས་བྲིས་པའི་ལོ་འཁོར་བརྒྱ་ཡིན། འདི་ནི་འབད་རྩོལ་ལས་སྒྲུབ་དང་ངལ་བ་ཁྱད་གསོད། དཀའ་སྤྱད་ལས་སྐྲུན། ཧུར་ཐག་ཡར་བརྩོན། དཀའ་སྡུག་ཉེན་ཁེངས་དང་མཚར་སྡུག་ལྡན་པའི་ལོ་འཁོར་བརྒྱ་ཡིན། འདི་ནི་དཀའ་སྡུག་ཁྲོད་མཛད་རྗེས་བླ་མེད་སྐྲུན་པ་དང་བར་ཆད་བྱུང་རྗེས་བློ་རྩ་བརྟན་པོས་དཔའ་ངར་ཆེར་བསྐྱེད་པ། འཚོལ་ཞིབ་ཁྲོད་རྒྱལ་ཁའི་གྲུབ་འབྲས་ལེན་པ། ནོར་འཛོལ་བྱུང་རྗེས་ཟིང་བཅོས་ཡོ་བསྲང་བྱེད་པ། བར་བརྒལ་ཁྲོད་རྣམ་པ་གསར་པ་གཏོད་པ། འབད་པའི་མཐར་འབྱུང་འགྱུར་ཡག་པོ་ཐོབ་པའི་ལོ་འཁོར་བརྒྱ་ཡིན། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན། མི་དམངས་བདེ་སྐྱིད་ཡོང་བ་བཅས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་འཁོར་བརྒྱའི་ལོ་རྒྱུས་ཀྱི་བརྗོད་དོན་དང་གཙོ་ཐིག་ཡིན་པ་དང་། “འབད་འཐབ་ལྷོད་མེད་ཀྱི་ལོ་རྒྱུས”དང“རིགས་གཞུང་འཚོལ་ཞིབ་ཀྱི་ལོ་རྒྱུས” “རང་ངོས་འཛུགས་སྐྲུན་གྱི་ལོ་རྒྱུས”བཅས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་འཁོར་བརྒྱའི་ལོ་རྒྱུས་ཀྱི་གཙོ་རྒྱུན་དང་ངོ་བོ་ཡིན་ལ། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར། བསྐྱར་དར་བཅས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཡིན། རྒྱལ་ཁབ་སྐྱོབ་པ་དང་རྒྱལ་ཁབ་དར་རྒྱས། རྒྱལ་ཁབ་འབྱོར་ལྡན། རྒྱལ་ཁབ་སྟོབས་ལྡན་བཅས་ཀྱི་འབད་འཐབ་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་གཟི་བརྗིད་ལྡན་པའི་ལས་འགན་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་དེ་ལོ་རྒྱུས་ཀྱི་དུས་སྐབས་བཞི་རུ་དབྱེ་ཆོག་པ་སྟེ། 1921ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས1949ལོའི་ཟླ10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་བར་ནི། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ཡིན། 1949ལོའི་ཟླ10པ་ནས1978ལོའི་ཟླ12པའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་བར་ནི། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་ཡིན། 1978ལོའི་ཟླ12པ་ནས2012ལོའི་ཟླ11པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་བར་ནི། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་ཡིན། 2012ལོའི་ཟླ11པ་ནས་ད་ལྟའི་བར་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ཡིན། ལོ་རྒྱུས་ཀྱི་དུས་སྐབས་བཞི་པོ་འདིའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་བྱ་གཞག་ཆེན་པོ་བཞི་བསྒྲུབས་པ་དང་དེར་སྐུལ་འདེད་བཏང་ཡོད། བྱ་གཞག་ཆེན་པོ་བཞིས་ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འབར་བའི་ལོ་འཁོར་བརྒྱ་བསྐྲུན་པ་རེད།

གནམ་ས་གོ་འབྱེད་དེ། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་རྒྱལ་ཁབ་སྐྱོབ་པའི་བྱ་གཞག་ཆེན་པོ་ལེགས་འགྲུབ་བྱུང་།

ཀྲུང་གོའི་ཉེ་རབས་ལོ་རྒྱུས་ནི1840ལོའི་ཉལ་ཐ་དམག་འཁྲུག་ནས་མགོ་བརྩམས་པ་རེད། དུས་དེ་ནས་བཟུང་ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར། ཀྲུང་ཧྭ་མི་རིགས་ཀྱི་བག་ཁུམ་བརྙས་བཅོས་མྱོང་བའི་ལས་དབང་དེ་བསྒྱུར་ཆེད། ཀྲུང་གོའི་མི་དམངས་དང་མི་བུ་ལ་རྒྱ་ཅན་གྲངས་མེད་ཀྱིས་དཀའ་སྡུག་ཚད་མེད་མྱངས་ནས་འཚོལ་ཞིབ་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས། བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྲལ་རིམ་གྱིས་ཕྱི་ལུགས་གཉེར་བའི་ལས་འགུལ་བསླངས་པ་དང་། ཞིང་པའི་གྲལ་རིམ་གྱིས་ཞི་བདེ་གནམ་རྒྱལ་གྱི་འོས་ལངས་དང་དབྱི་ཧོ་ཐོན་གྱི་ལས་འགུལ་བསླངས་ཤིང་། འབྱོར་ལྡན་གྲལ་རིམ་གྱི་ལེགས་བཅོས་ཕྱོགས་ཁག་དང་གསར་བརྗེའི་ཕྱོགས་ཁག་གིས་སྔ་གཞུག་ཏུ་ས་ཁྱི་ལོའི་ལུགས་སྒྱུར་དང་ལྕགས་ཕག་ལོའི་གསར་བརྗེ་བསླངས་མོད། འོན་ཀྱང་མཇུག་མཐར་ཚང་མ་ཕམ་ཉེས་བྱུང། ཀྲུང་གོ་གུང་ཁྲན་ཏང་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་འདྲ་ཞིག་གི་འོག་ཏུ་ཀྲུང་གོའི་ཆབ་སྲིད་ཀྱི་གར་སྟེགས་ཐོག་བུད་པ་རེད། ཀྲུང་གོ་གུང་ཁྲན་ཏང་ནི་ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་ཛ་དྲག་ཆེ་བའི་འགལ་བའི་ནང་དང་། ཀྲུང་གོ་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་དང་ཕྱི་ཡོང་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དྲག་པོའི་ཁྲོད། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་གྱི་བརྒྱུད་རིམ་ཁྲོད་རིམ་གྱིས་བྱུང་བ་རེད།

1921ལོའི་ཟླ7པའི་ཚེས23ཉིན། ཏང་གི་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་རུ་འཚོགས་པ་དང་ཉིན་འགའི་རྗེས་སུ་ཀྲེ་ཅང་ཅ་ཞིན་གྱི་ནན་ཧུའུ་ཡི་གྲུ་གཟིངས་དམར་པོ་ཞིག་གི་སྟེང་དུ་མཇུག་བསྡུས། ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དེས་ཀྲུང་གོ་གུང་ཁྲན་ཏང་དངོས་སུ་དབུ་བརྙེས་པ་མཚོན། དེའི་སྔོན་ལ་ས་གནས་སོ་སོར་བཙུགས་པའི་ཏང་གི་རྩ་འཛུགས་ཚང་མ་ཏང་གི་སྔ་དུས་ཀྱི་རྩ་འཛུགས་འབའ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་དང་པོ་འཚོགས་པའི་སྐོར་ལ་ཏང་གི་ལོ་རྒྱུས་ཀྱི་མཁས་དབང་ཆེན་མོ་བློ་མཐུན་ཧུའུ་ཆའོ་མུའུ་ཡིས་གསུང་རྒྱུར། ཚོགས་ཆེན་ཐེངས་དང་པོ་མཇུག་བསྡུས་ཀྱང་། ཧ་ལམ་གང་ཡང་བྱུང་མེད་པ་འདྲ། ཐ་ན་ཚགས་པར་ཐོག་ཏུའང་གནས་ཚུལ་ཅི་ཡང་བཀོད་མི་འདུག ཡིན་ནའང་། ཀྲུང་གོའི་དུས་འགྱུར་རླབས་ཆེན་དེ་ངོ་བོའི་ཐོག་ནས་མགོ་བཙུགས་པ་རེད། ཅེས་གསུངས་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ཏང་གསར་འཛུགས་ཀྱི་ལོ་རྒྱུས་སྤྱི་སྡོམ་གནང་སྐབས། “ཀྲུང་གོར་གུང་ཁྲན་ཏང་བྱུང་བ་འདི་ནི་གནམ་ས་གོ་འབྱེད་ཀྱི་དུས་འགྱུར་ཆེན་པོ་ཞིག་ཡིན།”ཞེས་དང་། “ད་ནས་བཟུང་། ཀྲུང་གོའི་ཁ་ཕྱོགས་འགྱུར་ཡོད།”ཅེས་གསུངས་ཡོད། ཡར་སྔོན་གྱི་ཀྲུང་གོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་གཞན་དག་དང་མི་འདྲ་ས་ནི། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཆེས་མཐོའི་ཕུགས་བསམ་དང་མཐའ་མའི་དམིགས་ཚད་དུ་བརྩིས་ནས། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་བརྩོན་ལེན་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གཏན་ཁེལ་བྱས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་གསར་བརྗེའི་བགྲོད་ལམ་འཚོལ་ཞིབ་བྱེད་པར་དཀའ་ཚེགས་ཚད་མེད་བརྒྱུད་ཡོད། དཀའ་ཚེགས་ཆེ་བའི་འཚོལ་ཞིབ་ཀྱི་ལག་ལེན་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་གསར་བརྗེའི་དོན་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཞིང་སྡེས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་གསར་བརྗེའི་ལམ་བུ་ཡང་དག་པ་ཞིག་རྙེད་ལ། ལོ་ངོ28རིང་ཁྲག་འདོན་དམར་འཛིང་བྱས་ནས་འཇར་པན་བཙན་རྒྱལ་རིང་ལུགས་ཕམ་པར་བྱས་ཤིང་། གོ་མིན་ཏང་ལོག་སྤྱོད་དབང་སྒྱུར་གྱི་མགོ་རྟིང་བསློགས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་འགྲུབ་བྱུང་ནས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས། བརྒྱུད་རིམ་འདིའི་ནང་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དམར་འཛིང་དང་རང་སྲོག་བློས་བཏང་ནས་དཀའ་ངལ་དང་ཉེན་ཁ་ཁྲི་སྟོང་མང་པོ་བརྒྱུད་མྱོང་། དམར་པོའི་སྲིད་དབང་ལས་སླ་བོར་ཐོབ་པ་ཞིག་མིན་ལ། ཀྲུང་གོ་གསར་པ་ཡང་ལས་སླ་བོར་ཐོབ་པ་ཞིག་མིན་ཞེས་བཤད་ཆོག དེ་ཉིད་དམར་པོ་ཡིན་པ་ནི། གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་ཐོབ་པས་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཐོག“རང་རེའི་ཏང་གིས་དཀའ་སྡུག་ཚད་མེད་མྱངས་ཤིང་། ཚ་ཚ་འུར་འུར་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས། གནའ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་དང་འདྲ་བར་ཡོད་ཚད་བློས་གཏོང་བ་དང་མི་ག་ཚོད་བློས་གཏོང་བར་མི་འཛེམ་པར་དོན་ཆེན་དེ་འདྲ་སྒྲུབ་མཁན་གྱི་ཚོགས་པ་གཅིག་ཀྱང་མེད”ཅེས་གསུང་མྱོང་། བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་མགོ་ཁྲིད་བློ་མཐུན་དབྱང་ཅིན་ཡུས་ཀྱིས་འཇར་ཇག་དང་འཐབ་འཛིང་བྱས་མཐར་དམག་རྒྱགས་ཆད་ནས་གཅིག་པུ་ལུས་དུས། མི་གཞན་གྱིས་མགོ་འདོགས་པའི་ཁ་ཏ་ལ་ཁ་གཏད་དེ། ཆོད་སེམས་བརྟན་པོས“ཡུལ་མི་ཚོ། ང་ཚོ་ཀྲུང་གོ་པ་ཚང་མས་མགོ་བཏགས་ན། ད་དུང་ཀྲུང་གོ་ཞེས་པ་ཡོད་དམ”ཞེས་བཤད། རགས་རྩིས་བྱས་པ་ལྟར་ན། 1921ལོ་ནས1949ལོའི་བར་རྒྱལ་ཡོངས་སུ་བཤེར་ཐུབ་པའི་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ས་ཡ་གསུམ་དང་འབུམ་བདུན་ལྷག་ཡོད་ལ། ཆ་སྙོམས་ཀྱིས་ཉིན་རེར་རང་སྲོག་བློས་བཏང་བའི་མི370ལྷག་ཡོད། ཁོང་ཚོས་ལག་ལེན་དངོས་ལ་བརྟེན་ནས“རང་སྲོག་བློས་གཏོང་ཕོད་པའི་དཔའ་མཛངས་མང་པོ་ཡོད་ན། འཇིག་རྟེན་གསར་པར་བསྒྱུར་ཐུབ་པའི”བློ་སྤོབས་དང་སྙིང་རུས་གསལ་བཤད་བྱས་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་མི་དམངས་མང་ཚོགས་ཀྱིས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་མཚོན་ལ། ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་ཡར་ལངས་པ་ཁྱབ་བསྒྲགས་བྱས། དེས་ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་རྫོགས་པ་དང་། ཀྲུང་གོ་རྙིང་པའི་ཁ་ཐོར་གྱི་རྣམ་པ་རྦད་དེ་མཇུག་རྫོགས་ལ། བཙན་དབང་རྒྱལ་ཁབ་དག་གིས་ཀྲུང་གོར་བཙན་འགེལ་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་བཙན་རྒྱལ་རིང་ལུགས་ཀྱི་ཀྲུང་གོའི་ཁྱད་དབང་ཡོད་ཚད་རྩ་མེད་དུ་བཏང་བས། ཀྲུང་གོའི་མི་དམངས་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་ངོ་མར་གྱུར་པ་དང་། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་འགའི་རིང་གི་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་འཕུར་མཆོང་རླབས་ཆེན་བྱེད་པ་མངོན་འགྱུར་བྱུང་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཁོད་ཡངས་བགྲོད་ལམ་སྟེང་སྐྱོད་ལ། “དཔའ་ངར་ཆེ་ཞིང་ལས་ལ་བརྩོན་པའི་རྣམ་འགྱུར་གྱི་ཐོག་ནས་ལས་དོན་གཉེར་ཏེ་རང་ཉིད་ཀྱི་དཔལ་ཡོན་དང་བདེ་སྐྱིད་གསར་སྐྲུན་བྱེད་པ་དང་ཆབས་ཅིག འཛམ་གླིང་ཞི་བདེ་དང་རང་དབང་ལའང་སྐུལ་འདེད་བཏང་ཡོད།”

གནམ་ས་བརྗེ་སྒྱུར་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ་རྒྱལ་ཁབ་དར་རྒྱས་གཏོང་བའི་བྱ་གཞག་ཆེན་པོ་ལེགས་འགྲུབ་བྱུང་།

ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་མགོར། རང་རྒྱལ་གྱི་མདུན་དུ་ལྷགས་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ནི་ཧ་ཅང་དཀའ་ཚེགས་དང་རྙོག་འཛིང་ཆེ་བ་ཞིག་རེད། ཡུན་རིང་པོར་དམག་འཁྲུག་བརྒྱབ་པའི་རྐྱེན་གྱིས་རྒྱལ་ནང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་ནས་མི་དམངས་འཚོ་ཐབས་བྲལ། གོ་མིན་ཏང་གི་ལྷག་འཕྲོས་སྐབས་བསྟུན་གྱིས་གཏོར་བརླག་བྱས་པས་ཇག་པའི་གནོད་འཚེ་ཚབས་ཆེན་བྱུང་། ས་གནས་ཁ་ཤས་སུ་ད་དུང་བཅིངས་འགྲོལ་ཐོབ་མེད་པ་དང་། གཞི་རིམ་མང་པོར་ད་དུང་སྲིད་དབང་བཙུགས་མེད། ཨ་རི་གཙོ་ཡིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཆབ་སྲིད་ཐད་ང་ཚོ་གྲས་ནས་ཕུད་པ་དང་དཔལ་འབྱོར་ཐད་ང་ཚོར་བཀག་སྡོམ་བྱས་ལ། དམག་དོན་ཐད་ནས་ང་ཚོར་འཇིགས་སྣང་སྐུལ། 1950ལོའི་ཟླ6པའི་ཚེས25ཉིན། ཁྲའོ་ཞན་དུ་ནང་འཁྲུག་ལངས་ཤིང་། དེའི་རྗེས་སུ་ཨ་རིས་ཁྲའོ་ཞན་ལ་བཙན་འཛུལ་བྱས་པ་དང་། དུས་མཚུངས་སུ་དམག་གྲུ་རུ་ཁག་བདུན་པ་མངགས་ནས་ཐའེ་ཝན་མཚོ་འགག་ལ་བཙན་འཛུལ་བྱས་པས། དབུ་བརྙེས་མ་ཐག་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས། “ཡུན་རིང་ཞི་བདེ་ཡོང་ཆེད།དམག་འཁྲུག་ཐེངས་གཅིག་རྒྱག”པའི་གྲོས་བསྡུར་གང་ལེགས་དང་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱས་པ་བརྒྱུད། ཏང་ཀྲུང་དབྱང་དང་ཀྲུའུ་ཞི་མའོ་ཙེ་ཏུང་གིས“མེ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོང”གི་འཐབ་ཇུས་ཇུས་ཐག་བཅད། མེ་འགོག་ཁྲའོ་རོགས་དམག་འཁྲུག་གིས་ཀྲུང་གོ་གསར་པའི་རྒྱལ་ཁབ་དང་དམག་དཔུང་གི་ཟིལ་ཤུགས་ངོམ་ཞིང་། རྒྱལ་ཡོངས་མི་དམངས་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྙན་གྲགས་ཆེ་རུ་ཕྱིན། ཀྲུང་གོ་མི་དམངས་ཀྱི་མི་རིགས་རང་སྤོབས་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་ཕྱིན། ཨེ་ཤ་ཡ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱས་པས་ཀྲུང་གོ་གསར་པའི་གཞི་རྐང་བརྟན་པོར་ཚུགས་པ་རེད། ཕྱིས་སུ་བློ་མཐུན་ཏེང་ཞའོ་ཕིང་གིས་གསུངས་པ་ལྟར། ཀྲུང་གོ་གསར་པ་དབུ་བརྙེས་པས“ཀྲུང་གོར་ཐོབ་ཐང་ཞིག་ཐོབ་པ་སྟེ། མི་རྣམས་ཀྱིས་ང་ཚོར་མཐོང་ཆུང་བྱེད་མི་ཕོད་པ་རེད”ཅེས་པ་ལྟར་རེད།

དེ་བཞིན་སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུ་དང་། ཀྲུང་གོའི་དེང་རབས་ཅན་ལ་ཇི་ལྟར་སྐུལ་འདེད་གཏོང་རྒྱུ་དེ། ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་མགོའི་ཀྲུང་གོ་གུང་ཁྲན་ཏང་ལ་མཚོན་ན། ཞིབ་འཇུག་བྱ་གཞི་གསར་རྐྱང་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་སུའུ་ལེན་ལ་སློབ་སྦྱོང་བྱེད་པ་ནས“སུའུ་ལེན་དཔྱད་གཞིར་འཛིན་པའི”བར་ཀྲུང་གོ་རང་ཉིད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་མགོ་བརྩམས། 1956ལོར་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་ལེགས་འགྲུབ་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པར་མ་ཟད། གཞི་ཁྱོན་ཆེན་པོའི་སྒོ་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ་གྲུབ་འབྲས་ཆེན་པོ་བླངས། 1954ལོའི་ཟླ6པར་བློ་མཐུན་མའོ་ཙེ་ཏུང་གིས“ད་ལྟ་ང་ཚོས་ཅི་ཞིག་བཟོ་ཐུབ་ཅེ་ན། ཅོག་ཙེ་དང་རྐུབ་སྟེགས་བཟོ་ཐུབ། ཇ་ཕོར་དང་ཇ་དེམ་བཟོ་ཐུབ། འབྲུ་རིགས་འདེབས་ཐུབ་ལ་གྲོ་ཕྱེ་ཡང་འཐག་ཐུབ། ད་དུང་ཤོག་བུའང་བཟོ་ཐུབ། འོན་ཀྱང་རླངས་འཁོར་ཞིག་དང་གནམ་གྲུ་ཞིག ཐན་ཁེ་ཞིག འདྲུད་འཐེན་འཁོར་ལོ་ཞིག་ཀྱང་བཟོ་མི་ཐུབ།” ཅེས་གནད་དོན་དེ་འདྲ་བཏོན་མྱོང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ང་ཚོར་ཀྲུང་གོའི་ལོ་རྒྱུས་སྟེང་གི་ཐོག་མ་གྲངས་མེད་བྱུང་བ་སྟེ། གནམ་གྲུ་ཐོག་མ་དང་རླངས་འཁོར་ཐོག་མ། འདྲུད་འཐེན་འཁོར་ལོ་ཐོག་མ་སོགས་ཐོན་སྐྱེད་བྱས་ལ། ཀྲུང་གོ་རང་ཉིད་ཀྱིས་རྡུལ་ཕྲན་འབར་མདེལ་དང་ཆིང་འབར་མདེལ་ཐོག་མ་སྔ་རྗེས་སུ་ཞིབ་འཇུག་དང་བཟོ་སྐྲུན་བྱས་ནས་འབར་གས་ལེགས་འགྲུབ་བྱུང་ཞིང་། རང་ཉིད་ཀྱིས་མིས་བཟོས་སའི་གོ་ལའི་འཁོར་སྐར་ཐོག་མ་ཞིབ་འཇུག་དང་བཟོ་སྐྲུན་བྱས་ཏེ་འཕེན་གཏོང་ལེགས་འགྲུབ་བྱུང་། རང་ཉིད་ཀྱིས་ཞིབ་འཇུག་བཟོ་སྐྲུན་བྱས་པའི་ཉིང་རྡུལ་ཆུ་འཛུལ་དམག་གྲུ་ཐོག་མ་བདེ་བླག་ངང་ཆུ་ལ་ཞུགས། རང་ཉིད་ཀྱི་ཟམ་ཆེན་ཐོག་མ་སྟེ་ནན་ཅིང་འབྲི་ཆུའི་ཟམ་ཆེན་ཇུས་འགོད་བཟོ་སྐྲུན་བྱས། འཛམ་གླིང་ཐོག་མིས་བཟོས་འདྲེས་སྦྱོར་བྱས་པའི་གླང་གཤེར་རྨེན་རྒྱུ་ཐོག་མར་བྱུང་ལ། ལེགས་ཆ་ཆེ་བའི་ཞན་རྣམ་རྒྱུད་འདྲེས་ཆུ་འབྲས་སོགས་ཐོག་མར་གསོ་སྐྱོང་ལེགས་གྲུབ་བྱུང་ཡོད། ལོ་ངོ20ལྷག་གི་རིང་ལ་འབད་འཐབ་བྱས་མཐར་རང་ཚུགས་དང་ཅུང་ཆ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཐོག་མར་བཙུགས་པ་རེད། བློ་མཐུན་ཏེང་ཞའོ་ཕིང་གིས“གལ་ཏེ་ལོ་རབས་དྲུག་ཅུ་པའི་ཚུན་དུ་ཀྲུང་གོར་རྡུལ་ཕྲན་འབར་མདེལ་དང་ཆིང་འབར་མདེལ་མེད་ལ། འཁོར་སྐར་འཕངས་མེད་ན། ཀྲུང་གོར་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞེས་འབོད་མི་ཐུབ་ལ། ད་ལྟའི་རྒྱལ་སྤྱིའི་གོ་གནས་འདི་ལྟ་བུ་ཡང་ཡོད་མི་སྲིད།”ཅེས་གསུང་ཡོད། དུས་སྐབས་དེའི་ནང་རང་རྒྱལ་གྱིས་ད་དུང་མི་གྲངས་དུང་ཕྱུར་ཁ་ཤས་ཀྱི་ལྟོ་གོས་གནད་དོན་ཐག་གཅོད་རགས་ཙམ་བྱས་ཡོད་པ་དེ་སྐབས་དེར་ཚང་མས་འཛམ་གླིང་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་བསྐྲུན་ཡོད་པ་ཁས་ལེན་གྱིན་ཡོད།

སྤྲོ་སེམས་རབ་ཏུ་འཁོལ་བའི་ལོ་ཟླ་དེའི་ཁྲོད་ཏང་ཡོངས་ཀྱིས་བསམ་པའི་འཁྱེར་སོ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་གྱུར་པ་རེད། ཏ་ཆིང་བཟོ་པ་བློ་མཐུན་ཝང་ཅིན་ཞིས“རྡོ་སྣུམ་བཟོ་པས་ང་རོ་སྒྲོག་ཙ་ན། གོ་ལ་འདིའང་ཡང་ཡང་འདར་བར་བྱེད།”ཅེས་བསྒྲགས་མྱོང་ལ། བཟོ་པའི་སྙིང་སྟོབས་ཀྱིས་རྒྱལ་ཡོངས་མི་དམངས་ལ་བརྗེད་པར་དཀའ་བའི་བག་ཆགས་དང་དྲན་ཤེས། སེམས་འགུལ་ཐེབས་པ་བཅས་བྱུང་ནས་རྒྱལ་ཡོངས་མི་དམངས་དཀའ་ངལ་ལ་མི་འཛེམ་པར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་བཏང་ཡོད། ཧི་ནན་ལིན་རྫོང་གི་མི་དམངས་ཀྱིས་ལག་ཆ་ཐབས་ཆག་སྤྱད་དེ་ཐའེ་ཧང་རི་བོའི་མུ་འབྲེལ་རི་བོ་གཏོར་ནས་ཀྲང་ཧོ་གཙང་བོ་ལིན་རྫོང་དུ་དྲངས་ནས“མིས་བཟོས་དགུ་ཚིགས”ཞེས་པའི་ཧོང་ཆི་ཆུ་རྐ་བསྐྲུན་པ་དེ་ནི། སྐབས་དེའི་རྒྱལ་ཡོངས་མི་དམངས་ཀྱིས་ཤུགས་སྐྱེད་སྟོབས་སྤེལ་བྱས་པའི་མཚོན་ཚུལ་ཞིག་རེད།

སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ་ནི། བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་རབས་དང་པོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གསར་གཏོད་རླབས་པོ་ཆེ་གནང་བ་ཞིག་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། ཀྲུང་གོའི་དོན་དངོས་དང་མཐུན་ལ། ལོ་རྒྱུས་གོང་དུ་འཕེལ་བའི་རླབས་རྒྱུན་དང་ཡང་མཐུན་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་འདིས་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་མཐའ་དག་ལ་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱ་བར་ཉམས་མྱོང་རྩ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་མཁོ་འདོན་བྱས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་དེ“ཨེ་ཤ་ཡ་ཤར་མའི་ནད་པ”ནས་ཡར་ལངས་པའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད།

གནམ་ས་བླ་འོག་བསྒྱུར་བ་སྟེ། ཀྲུང་གོ་གུང་ཁྲན་ཏང་གིས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པར་རྒྱལ་ཁབ་སྟོབས་ལྡན་གྱི་བྱ་གཞག་ཆེན་པོར་སྐུལ་སྤེལ་བྱས།

དཔལ་འབྱོར་དང་རིག་གནས་རྗེས་ལུས་ཡིན་པའི་རྒྱལ་ཁབ་ཅིག་ཏུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་ཇི་ལྟར་བྱས་ཏེ། ཀྲུང་གོ་རང་ཉིད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན། འཚོལ་ཞིབ་བྱས་པ་ཡིན་ན་ནོར་འཛོལ་ཡོད་སྲིད། རང་རེའི་ཏང་གིས་འཚོལ་ཞིབ་ཀྱི་ཐད་ནས་གྲུབ་འབྲས་བླངས་པའི་དུས་མཚུངས་སུ། 1958ལོའི་རྗེས་སུ་ཡང་ནོར་འཛོལ་དང་ཐ་ན་ནོར་འཛོལ་ཚབས་ཆེན་བྱུང་བ་སྟེ། “མཆོང་སྐྱོད་ཆེན་པོ”དང་མི་དམངས་ཀུང་ཧྲེ་ཅན་དུ་བསྒྱུར་བའི་ལས་འགུལ་གྱི་ཕམ་ཉེས། དེ་བཞིན་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་ནས་ལོ་ངོ་བཅུ་ལྷག་འགོར་བའི“རིག་གནས་གསར་བརྗེ་ཆེན་པོའི”ནང་འཁྲུག་བཅས་བྱུང་། “གཡོན”ལྷུང་ནོར་འཁྲུལ་གྱིས་བཟོས་པའི་མཇུག་འབྲས་ཚབས་ཆེན་གྱི་མདུན་དུ་རང་རེའི་ཏང་གིས་བསམ་ཞིབ་གཏིང་ཟབ་བྱས་ཡོད། 1978ལོའི་ཟླ9པའི་ཚེས16ཉིན་ནས་ཚེས18ཉིན་བར། བློ་མཐུན་ཏེང་ཞའོ་ཕིང་གིས་བྱང་ཤར་དུ་རྟོག་ཞིབ་གནང་སྐབས“སྤྱི་ཚོགས་རིང་ལུགས་ཀྱིས་རང་གི་ཁྱད་འཕགས་རང་བཞིན་མཚོན་དགོས་པ་ལས། ད་ལྟ་ནང་བཞིན་ལོ་ཉི་ཤུ་ལྷག་ཙམ་རིང་ལས་དོན་གཉེར་ཡང་ད་དུང་དབུལ་པོ་འདི་འདྲ་ཞིག་ཡིན་ག་ལ་རུང་། དེས་ན་སྤྱི་ཚོགས་རིང་ལུགས་ཀྱིས་ཅི་ཞིག་བྱེད་དགོས”ཞེས་གསུངས་ཡོད། ལོ་དེའི་ཟླ12པའི་ཚེས13ཉིན། ཁོང་གིས་ཀྲུང་དབྱང་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ་དེ་ནི་སྐད་གྲགས་ཆེ་བའི《བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་བལྟ་བ》ཞེས་པ་དེ་རེད། ཁོང་གིས“གལ་ཏེ་ད་ལྟ་ད་དུང་བཅོས་བསྒྱུར་མ་བྱས་ན། ང་ཚོའི་དེང་རབས་ཅན་གྱི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དེ་འཆི་ངེས་རེད”ཅེས་ནན་བཤད་གནང་ཡོད། གཏམ་བཤད་འདི་དོན་དངོས་ཐོག་དེའི་རྗེས་སུ་འཚོགས་པའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བརྗོད་དོན་སྙན་ཞུར་གྱུར་པ་དང་། དུས་སྐབས་གསར་པར་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱེད་པའི་བསྒྲགས་གཏམ་ཡིག་ཆར་ཡང་གྱུར་པ་རེད།

1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པས། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས་མངོན་འགྱུར་བྱུང་བ་དང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་མགོ་བརྩམས་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། བློ་མཐུན་ཏེང་ཞའོ་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་རབས་གཉིས་པས“རིག་གནས་གསར་བརྗེ་ཆེན་པོའི”ཉེན་ཁ་ཆེ་བའི་རྣམ་པར་ཁ་གཏད་ནས། ཆབ་སྲིད་ཀྱི་བློ་སྟོབས་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་གཏིང་ཟབ་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་དང་། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་བཟུང་ནས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཐད་བསྒྱུར་བ་དང་།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་གཏན་འབེབས་བྱས་ལ། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་གསལ་པོར་བཏོན་ཏེ། “གོམ་སྟབས་གསུམ”གྱི་འཕེལ་རྒྱས་འཐབ་ཇུས་གཏན་འབེབས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏིང་ཟབ་པའི་སྒོ་ནས་གསལ་སྟོན་བྱས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་དུ་བཙུགས་པ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། ཟིང་བཅོས་ཡོ་བསྲང་དང་བཅོས་བསྒྱུར་སྒོ་འབྱེད་བྱས་རིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་དུ་བཙུགས་པ་རེད།

1989ལོར་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་རབས་གསུམ་པས་རྒྱལ་ཁབ་ཕྱི་ནང་གི་སྣེ་མང་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་དེ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བའི་ཉམས་སད་དྲག་པོའི་མདུན་དུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ལག་ལེན་གསར་པར་གཞིགས་ནས་ཏང་གི་གཞི་རྩའི་རྩ་འཛིན་དང་གཞི་རྩའི་ཉམས་མྱོང་གཏན་འཁེལ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་གཏན་འཁེལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་ཆེན་འདོན་པ། ཏང་ལེགས་སྐྱོང་གི་རླབས་ཆེ་བའི་ལས་གཞི་གསར་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་བཏོད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས21པར་ལེགས་འགྲུབ་ངང་སྐུལ་སྤེལ་བྱས་ཡོད།

2002ལོའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་རྗེས་སུ། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ལག་ལེན་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ལ། མི་གཙོ་བོར་འཛིན་པ་དང་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་རྒྱག་པ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ཡོང་བར་སྐུལ་སྤེལ། འཆམ་མཐུན་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཅས་བྱས་ནས།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཆགས་པར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་ལག་ལེན་ཁྲོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་ལེགས་འགྲུབ་བྱུང་།

བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ཡོད། 1978ལོ་ནས2012ལོའི་བར་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕར་ནས་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྔ་རྗེས་སུ་དབྱི་ཐ་ལི་དང་ཧྥ་རན་སི། དབྱིན་ཇི། འཇར་མན་བཅས་ལས་བརྒལ་ཞིང་། 2010ལོར་འཇར་པན་ལས་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་ཡོད། དུས་མཚུངས་སུ་ཕྱིར་གཏོང་བྱེད་ཚད་འཇར་མན་ལས་བརྒལ་ནས་འཛམ་གླིང་གི་ཕྱིར་གཏོང་རྒྱལ་ཁབ་ཆེན་པོ་དང་པོར་གྱུར་ཡོད། དུས་རབས་བཅོ་བརྒྱད་པའི་བཟོ་ལས་གསར་བརྗེ་ནས་བཟུང་དབྱིན་ཇི་དང་ཨ་རི། འཇར་པན། འཇར་མན་རྗེས་ཀྱི“འཛམ་གླིང་གི་བཟོ་གྲྭ”རུ་གྱུར་པར་མ་ཟད། 2010ལོར་ཡོང་འབབ་འབྲིང་ཙམ་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད།

གནམ་སའི་གཡོ་འགུལ་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སྐུལ་འདེད་བྱེད་པར་མ་ཟད་དུས་རབས་འདིའི་དུས་དཀྱིལ་དུ་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་བྱ་གཞག་ཆེན་པོ་མངོན་འགྱུར་བྱེད་པ།

2012ལོའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དུ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་དེ། དར་འཕྱར་ཕྱོགས་སྟོན་དང་ཇུས་གཞི་གཏན་འཁེལ་བྱས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཐོག་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་བའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་ལན་ཟབ་མོ་བཏབ་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་འཛུགས་བྱས་ཏེ། འཐབ་རྩོད་རླབས་ཆེན་དང་ལས་གཞི་རླབས་ཆེན། བྱ་གཞག་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ལ་གཅིག་འདོམས་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་གྱིས་སྐུལ་སྤེལ་བྱེད་པ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་དང་སྐུལ་སྤེལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་པོར་ཐག་གཅོད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པར་སྐུལ་འདེད་བཏང་ཡོད། 

དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་གཤམ་གསལ་ཕྱོགས་འགའ་ནས་མཚོན་ཡོད་པ་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་ལས་དོན་མཐའ་དག་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བས། ཏང་གི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་པ། མགོ་ཁྲིད་ནུས་པ། འབོད་སྐུལ་བྱེད་ཤུགས་བཅས་ཆེས་ཆེར་ཕྱིན་ཡོད། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ།རང་རྒྱལ་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཆོད་སྔར་ལས་ཆེ་བ། སྔར་བས་འདྲ་མཉམ་ཡིན་པ། སྔར་བས་རྒྱུན་མཐུད་ཐུབ་པ། སྔར་བས་བདེ་འཇགས་ཡིན་པ་བཅས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་། རང་རྒྱལ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་བཟོ་ལས་རྒྱལ་ཁབ་ཆེ་གྲས་དང་པོ། དངོས་ཟོག་ཉོ་ཚོང་རྒྱལ་ཁབ་ཆེ་གྲས་དང་པོ། ཕྱི་དངུལ་གསོག་འཇོག་རྒྱལ་ཁབ་ཆེ་གྲས་དང་པོ་བཅས་སུ་གྱུར་ཡོད་ལ། འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད30%ཡས་མས་ཟིན་ཡོད། མི་སྡོད་འཇིག་རྟེན་འཕུར་སྐྱོད་དང་ཟླ་དཔྱད་བཟོ་འགོད། ཚད་རྡུལ་འཕྲིན་གཏོང་། རིམ་འདས་རྩིས་རྒྱག མཚོ་གཏིང་དུ་འཛུལ་བ། གནམ་གྲུ་ཆེན་པོའི་བཟོ་སྐྲུན། གནམ་ཐང་གྲུ་གཟིངས་སོགས་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་འབོར་ཆེན་བླངས་ཡོད། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ།བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་གནད་མང་པོར་ཐོད་བརྒལ་བྱེད་པ། གོམ་སྟབས་བརྟན་པོ་སྤོ་བ། གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་གཞི་སྒྲོམ་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཡོད། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་བསྐྱར་བཟོ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ཡོད། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་སྟེ། ཏང་གིས་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ལ་མགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་པས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་བླངས་ཡོད། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐོག་མཐུན་སྒྲིལ་གཅིག་གྱུར་སྔར་བས་སྲ་བརྟན་དུ་སོང་ཡོད། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ལ་ཤུགས་བསྣན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་བཏང་བ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མངོན་གསལ་གྱིས་ཆེ་རུ་ཕྱིན། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཇེ་མཐོར་ཕྱིན་ཡོད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ནི་འཛམ་གླིང་དུ་མིང་དུ་གྲགས་ཡོད་དེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་འབོར་ཚང་མ་དབུལ་ཐར་བྱུང་ཡོད་ལ། ལོ་བརྒྱད་རིང་རིམ་རྩིས་བྱས་ན་མི་དུང་ཕྱུར1ཙམ་དབུལ་ཐར་བྱུང་བ་དང་། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང832ཀྱི་དབུལ་ཞྭ་ཕུད་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ལ། ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་དུང་ཕྱུར4ལས་བརྒལ་ཡོད། མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་དུས་རིམ་དུ་སླེབས་ཡོད། མཁར་གྲོང་གི་ལས་ཞུགས་གསར་སྣོན་ཚད་ལོ་མང་པོར་བསྟུད་མར་ལོ་རེར་ཆ་སྙོམས་ཀྱིས་མི་བྱེ་བ་ལས་བརྒལ་ཡོད། འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ལ། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར13ལས་བརྒལ་བ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར10ཙམ་ཟིན་ཡོད། གཞིས་དམངས་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ77.3བར་རིང་དུ་ཕྱིན་ཡོད། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གོམ་སྟབས་གལ་ཆེན་སྤོ་བར་སྐུལ་འདེད་བཏང་ཡོད། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་བརྒྱབ་པས་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་བསྒྱུར་ཐུབ་པ་བྱུང་ཡོད། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་སྤེལ་བྱས་ནས།རྒྱལ་སྲུང་དང་དམག་དཔུང་བཅོས་བསྒྱུར་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་བར་སྐུལ་འདེད་བཏང་ཡོད། དམག་དཔུང་གི་རྩ་འཛུགས་རྣམ་པར་འཕོ་འགྱུར་གལ་ཆེན་བྱུང་ཡོད། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་སྤེལ་བྱས་ནས།རང་རྒྱལ་འཕེལ་རྒྱས་གཏོང་བའི་རྒྱལ་སྤྱིའི་ཞི་བདེའི་ཁོར་ཡུག་དང་མཐའ་སྐོར་གྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད། རྒྱལ་སྤྱིའི་ཐོག་ཀྲུང་གོའི་སྐད་ཆ་ཤོད་དབང་ཆེ་རུ་ཕྱིན་པ་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་བས་ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཕན་འབྲས་མངོན་གསལ་ཐོབ་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྣམ་པ་ཆགས་པར་མ་ཟད་སྲ་བརྟན་དང་འཕེལ་རྒྱས་བྱུང་ཡོད།

དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་འཐབ་ཇུས་འཆར་འགོད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ལོ་བརྒྱ་ཕྲག་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དེ་དུས་རིམ་གཉིས་སུ་བགོས་ནས་བཀོད་སྒྲིག་བྱས་ཡོད། དུས་རིམ་དང་པོ་ནི། 2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། དུས་རིམ་གཉིས་པ་ནི། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱས་ནས།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད་ཨང་བཅུ་བཞི་པ་དང2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ཡིས། 2035ལོའི་རྒྱང་རིང་གི་དམིགས་འབེན་ལ་འཆར་འགོད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྒྱང་ལྟ་ལྟར་ན། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས། རང་རྒྱལ་གྱི་དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་འབྱུང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་སྔོན་ཐོན་གྱི་རྒྱལ་ཁབ་ཏུ་བསྒྱུར་བ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བ་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ། རང་རྒྱལ་མི་དམངས་ལ་སྔར་བས་བདེ་སྐྱིད་ཁམས་དྭངས་ཀྱི་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོད་པ། ཀྲུང་ཧྭ་མི་རིགས་སྔར་ལས་དཔའ་ངར་ཆེར་བསྐྱེད་ཀྱི་རྣམ་པའི་ཐོག་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་པ་བཅས་ཡིན་དགོས།

དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་འཁོར་བརྒྱའི་ལོ་རྒྱུས་སྟེང་དུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ཡོད། དུས་རབས་གསར་པ་ནི་སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་རྒྱལ་ཁ་མུ་མཐུད་དུ་ལེན་པའི་དུས་རབས་ཤིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དེ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དུས་རབས་ཤིག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་བདེ་སྐྱིད་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་གཏོད་པ། རིམ་གྱིས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་དུས་རབས་ཤིག ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་པའི་དུས་རབས་ཤིག རང་རྒྱལ་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་ཉིན་རེ་བཞིན་བསྐྱོད་དེ་མིའི་རིགས་ལ་བྱས་རྗེས་སྔར་ལས་ཆེ་བ་འཇོག་པའི་དུས་རབས་ཤིག་བཅས་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་སྤྱི་ཚོགས་གསར་བརྗེ་རླབས་ཆེན་བྱས་པའི་གྲུབ་འབྲས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་སྤྱི་ཚོགས་གསར་བརྗེ་རླབས་ཆེན་བྱེད་པའི་རྒྱུན་མཐུད་ཀྱང་ཡིན། 

དུས་རབས་གསར་པའི་ཏང་གི་རྣམ་པ་དང་རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་བ་རེད། འགྱུར་ལྡོག་དེ་དག་གིས་ཀྲུང་གོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ་འཛམ་གླིང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཀྲུང་ཧྭ་མི་རིགས་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་འགྱུར་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་བསུ་ངེས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་འོད་སྟོང་འབར་བའི་མདུན་ལྗོངས་བསུ་ངེས།

ཉམས་མྱོང་རྩ་ཆེན་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་སྤྱི་སྡོམ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ལས་ཉམས་མྱོང་རྩ་ཆེན་བསགས་ཡོད་ཅིང་། མདོར་བསྡུས་ན་གཤམ་གསལ་གྱི་ནང་དོན་དག་ཡོད་པ་རེད།

(གཅིག) ཏང་གིས་བྱ་བ་ཡོད་ཚད་ལ་མགོ་ཁྲིད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།ཀྲུང་གོའི་ཉེ་རབས་ཚུན་གྱི་ལོ་རྒྱུས་ལས་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། གུང་ཁྲན་ཏང་མེད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མེད་པ་གསལ་པོར་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་ལས་རིགས་སོ་སོ་དང་། ཀྲུང་གོའི་འཛིན་མའི་ཁྱོན་ཀུན་ཏུ། ཏང་གིས་ཡོད་ཚད་ལ་མགོ་ཁྲིད་བྱེད”ཅེས་བསྟན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་ལ། ཏང་ནི་ཆབ་སྲིད་ཀྱི་ཆེས་མཐོ་བའི་མགོ་ཁྲིད་ཀྱི་སྟོབས་ཤུགས་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་གིས་ཁ་ཕྱོགས་འཛིན་པ་དང་ཁྱོན་ཡོངས་དོན་གཉེར། སྲིད་ཇུས་གཏན་འཁེལ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་དང་ངེས་ཤུགས་ཆེ་རུ་གཏོང་དགོས།

(གཉིས།) མར་ཁེ་སི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་འོག་བཙུགས་པའི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཞིག་ཡིན། མར་ཁེ་སི་རིང་ལུགས་ནི་ཏང་གི་བསམ་བློའི་དར་ཆ་དང་སྙིང་སྟོབས་ཀྱི་དར་ཆ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་པ་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་སློབ་སྟོན་བསམ་བློ་ཡིན། མར་ཁེ་སིའི་རིང་ལུགས་དང་རྒྱབ་འགལ་བྱས་པའམ་ཡང་ན་དོར་བ་ཡིན་ན་ང་ཚོའི་ཏང་གི་བླ་སྲོག་ཤོར་བ་དང་ཁ་ཕྱོགས་ནོར་བ་རེད”ཅེས་བསྟན་ཡོད། ང་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་པ་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲ་བ་དང་མི་དམངས་ལ་སློབ་གསོ་བཏང་སྟེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ཀྱི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

(གསུམ།) ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།མདུན་ལམ་ནི་ཁ་ཕྱོགས་ལ་རག་ལས་པ་དང་། བགྲོད་ལམ་གྱིས་ལས་དབང་ཐག་གཅོད་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ལྷུང་བ་ཞིག་མིན་པར། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་དང་རིན་དོད་ཧ་ཅང་ཆེན་པོ་བཏང་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ང་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བྱ་གཞག་རླབས་ཆེན་ཞིག་ཡིན་ལ། ང་ཚོས་འབྱུང་འགྱུར་གཏོད་པའི་རྩ་བའི་འགན་ལེན་ཡང་ཡིན”ཞེས་བསྟན་ཡོད། ང་ཚོ་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པར་བཀག་སྡོམ་རེངས་པོར་གྱུར་པའི་ལམ་རྙིང་དུ་མི་འགྲོ་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་འགྲོ་བར།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།

(བཞི།) མི་དམངས་ལྟེ་བར་འཛིན་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།ཀྲུང་གོ་གུང་ཁྲན་ཏང་ལ་བཟོ་པ་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་ཁེ་ཕན་མེད་ལ།རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་ནི་དེ་བས་ཀྱང་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་བའི་གདེང་ཚོད་ཆེ་ཤོས་དང་། ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ། ང་ཚོས་ཏང་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་རྩ་བ་གནས་ས་བཅས་ཡིན”ཞེས་བསྟན་ཡོད། ང་ཚོའི་ཏང་ནི་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཆེད་དུ་སྐྱེས་པ། མི་དམངས་ཀྱི་ཆེད་དུ་དར་རྒྱས་ཡོང་བ་བཅས་ཡིན་པས། ངེས་པར་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱེད་དགོས། ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་དང་མང་ཚོགས་ལམ་ཕྱོགས་ལག་བསྟར། མི་དམངས་ཀྱི་གཙོ་གཞི་གོ་གནས་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། དམངས་སེམས་གཅིག་མཐུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱས་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་མཉམ་དུ་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་དུ་གཏོད་དགོས།

(ལྔ།)འཕེལ་རྒྱས་ནི་ཏང་གིས་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་དང་པོར་འཛིན་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ཞིང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་ཇེ་ཆེར་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན”ཞེས་བསྟན་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་བཟུང་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས།

(དྲུག)བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་མདུན་སྐྱོད་གོམ་པའི་རྗེས་སུ་སྙེག་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ལྡོག་མེད་ཅིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཅོས་བསྒྱུར་སྒོ་འབྱེད་ནི་ང་ཚོའི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་མི་དམངས་ཀྱི་སྣེ་ཁྲིད་དེ་སྤེལ་བའི་རླབས་ཆེན་གྱི་གསར་བརྗེ་གསར་པ་ཞིག་ཡིན་ལ། དེང་རབས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཡིན་པ་དང་། ང་ཚོའི་ཏང་གི་དར་ཆ་མངོན་གསལ་དོད་ཤོས་ཀྱང་ཡིན”ཞེས་བསྟན་ཡོད། བཅོས་བསྒྱུར་སྒོ་འབྱེད་ལ་ད་ལྟ་བ་ལས་མཇུག་རྫོགས་རྒྱུ་ཞིག་མེད། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་བེད་སྤྱོད་གཏིང་ཟབ་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་ངེས་ཤུགས་བརྟན་པོར་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་ཀྱི་བློ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ།བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་མཐར་ཕྱིན་པ་བྱེད་དགོས།

(བདུན།) དམངས་གཙོ་གཅིག་སྡུད་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་ཡིན། ང་ཚོའི་ཏང་གིས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། དེ་ཉིད་ཏང་ལ་དམིགས་བསལ་དུ་ཡོད་པའི་མགོ་ཁྲིད་ལམ་ལུགས་དང་ལས་དོན་ལམ་ལུགས་སུ་བསྒྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ང་ཚོའི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་དང་མགོ་ཁྲིད་ལམ་ལུགས་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དེ་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན”ཞེས་བསྟན་ཡོད། དུས་བབ་གསར་པའི་འོག་ང་ཚོས་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་འདི་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། ཏང་གི་ལམ་ལུགས་ཀྱི་དགེ་མཚན་ཆེས་ཆེ་བ་འདི་རྒྱུན་འཁྱོངས་དང་འདོན་སྤེལ་གང་ལེགས་བྱེད་དགོས།

(བརྒྱད།) ཚན་རིག་ལྟར་སྲིད་སྐྱོང་དང་དམངས་གཙོས་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ཚན་རིག་ལྟར་སྲིད་སྐྱོང་དང་དམངས་གཙོས་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཡུན་རིང་བའི་སྲིད་སྐྱོང་གི་ལག་ལེན་ཁྲོད་འཚོལ་ཞིབ་བྱས་ནས་གྲུབ་པའི་ཀྲུང་གོའི་གནས་ཚུལ་དང་མཐུན་པའི་སྲིད་སྐྱོང་བྱེད་སྟངས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་དེང་རབས་ཅན་དུ་བསྒྱུར་བའི་སྤྱིའི་འཕེལ་རིམ་དང་ངེས་པར་དུ་འཚམ་པར་བྱས་ཏེ། ཏང་གིས་ཚན་རིག་ལྟར་སྲིད་སྐྱོང་དང་དམངས་གཙོས་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་འཁྲི་སྒྲུབ་ནུས་མཐོར་འདེགས་གཏོང་བ། མི་དམངས་མང་ཚོགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་། དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་ཀྱི་ལས་དོན། རང་ངོས་ཀྱི་ལས་དོན་བཅས་དོ་དམ་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། ཏང་དང་རྒྱལ་ཁབ། སྤྱི་ཚོགས་ཀྱི་ལས་དོན་སོ་སོ་བཅོས་སྐྱོང་བྱེད་པ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་བསྒྱུར་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྤྱད་ནས་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་བསྟན་ཡོད། ང་ཚོས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ཏང་གི་སྲིད་སྐྱོང་བྱེད་སྟངས་འདི་རྒྱུན་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ། འཐུས་ཚང་ཡག་པོ་རུ་གཏོང་དགོས།

(དགུ།) སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གནས་བབ་གསར་པའི་འོག་གི་བསམ་བློའི་བྱ་བ་དྲིལ་སྒྲོག་ཡག་པོ་བྱེད་པར་ངེས་པར་དུ་རང་རྟོགས་ངང་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། མི་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་སྟོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་འཁུར་དགོས”ཞེས་བསྟན་ཡོད། ང་ཚོས་ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་ལེགས་སྐྱོང་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་བསྒྱུར་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བསམ་བློའི་ཐོག་ནས་འགན་ལེན་དང་རིག་གནས་ཀྱི་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

(བཅུ།) ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།དམག་དཔུང་སྟོབས་ལྡན་དང་རྒྱལ་སྲུང་སྲ་བརྟན་ཡོང་བ་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གིས་སྲིད་དབང་འཕྲོག་ལེན་བྱེད་པར་མ་ཟད་ཡུན་རིང་སྲིད་སྐྱོང་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་བཀོད་འདོམས་ལ་ཉན་པ་དང་གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ་ནི‘ལོ་བརྒྱ་ཕྲག་གཉིས’ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཡིན”ཞེས་བསྟན་ཡོད། རང་རེའི་དམག་དཔུང་ནི་ཏང་གི་མགོ་ཁྲིད་འོག་བྱུང་བ་དང་འཕེལ་ནས་སྟོབས་ཆེར་ཕྱིན་པ་ཞིག་ཡིན། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རང་དམག་གི་ནམ་ཡང་འགྱུར་བ་མེད་པའི་བླ་སྲོག་ཡིན་ལ། ཏང་གིས་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བའི་རྩ་བའི་འགན་ལེན་ཡང་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ།ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་།བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

(བཅུ་གཅིག) ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐབས་མཆོག་གལ་ཆེན་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་བཙུགས་ཏེ་ཆེས་རྒྱ་ཆེ་བའི་ཆབ་སྲིད་མཐུན་སྒྲིལ་མངོན་གྱུར་བྱེད་པ་དང་། སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་སྐྱེད་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་བྱེད་པ་བཅས་ནི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁ་ལེན་ཐུབ་པའི་ཉམས་མྱོང་ལེགས་འགྲུབ་བྱུང་བ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་འཐབ་ཕྱོགས་གཅིག་གྱུར་སྤེལ་བ་ནི་མིག་ལ་མཛེས་པ་དང་རྣ་བར་སྙན་པའི་ཆེད་དུ་གཏན་ནས་མ་ཡིན་པར། གོ་ཆོད་པ་དང་སྤྱོད་སྒོ་ཆེ་བ། མེད་དུ་མི་རུང་བའི་ནུས་པ་ལྡན་པ་བཅས་ཀྱི་རྐྱེན་གྱིས་ཡིན། མཐར་གཏུགས་ནས་བཤད་ན། འཐབ་ཕྱོགས་གཅིག་གྱུར་ནི་མིའི་བྱ་བ་སྒྲུབ་དགོས་པ་ཡིན་ལ། འཐབ་ཕྱོགས་གཅིག་གྱུར་སྤེལ་བ་ནི་མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེ་རུ་གཏོང་ཆེད་ཡིན”ཞེས་བསྟན་ཡོད། ང་ཚོས་རྒྱུན་ཆད་མེད་པར་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་རྒྱ་བསྐྱེད་ནས།སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། གྲལ་རིམ་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་བ་དང་སེམས་མཐུན་གྱི་རྣམ་པ་ཆེ་ཤོས་བཏོད་ནས། མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་ཡོང་བར་སྟོབས་ཤུགས་གལ་ཆེན་སྣོན་དགོས།

(བཅུ་གཉིས།) མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བྱ་གཞག་བླ་ན་མེད་པར་སྐུལ་སྤེལ་གཏོང་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་གི་ཆེད་དུ་འབད་འཐབ་བྱེད་པའི་སྲིད་ཏང་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ལ་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་སྒྲུབ་པའི་བྱ་བ་ཐམས་ཅད་ནི། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བ་བཅས་ཀྱི་ཆེད་དུ་ཡིན”ཞེས་བསྟན་ཡོད། ང་ཚོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས།འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱི་རྩེ་མོར་ལངས་པ། ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ། ཐོག་མཐའ་བར་གསུམ་དུ་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་སོ་སོ་དང་མཛའ་མཐུན་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐྱོད་པར་སྐུལ་དགོས།

(བཅུ་གསུམ།)  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།ཀྲུང་གོ་གུང་ཁྲན་ཏང་རླབས་ཆེ་དོན་ནི་ནོར་འཁྲུལ་མི་བཟོ་བ་ཞིག་མ་ཡིན་པར་ནོར་འཁྲུལ་ངོས་ལེན་བྱེད་ཕོད་པ་དང་གནད་དོན་ལ་ཁ་གཏད་ཕོད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་ཀྱིས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ཀྲུང་གོའི་བྱ་བ་ལེགས་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་པ་དང་། འགག་རྩ་ནི་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐུག་ཡོད།”ཅེས་བསྟན་ཡོད། ང་ཚོའི་ཏང་དེང་རབས་ཀྲུང་གོའི་ཆབ་སྲིད་སྟོབས་ཤུགས་སྣ་ཚོགས་ཀྱི་འགྲན་རྩོད་བྱེད་པའི་ཁྲོད་འབུར་དུ་ཐོན་པའི་རྩ་བའི་རྒྱུ་རྐྱེན་ནི་ཏང་གིས་ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་། ཐེངས་རེ་རེར་གཤགས་གྲི་ཁྱེར་ནས་རང་ཉིད་ཀྱི་ནད་གཞི་སེལ་བ། ཐེངས་རེ་རེར་རང་ཉིད་ལ་བརྟེན་ནས་རང་ངོས་ཀྱི་གནད་དོན་ཡང་ཡང་ཐག་གཅོད་བྱས་པས་ཡིན། ང་ཚོའི་ཏང་ལ་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་མགོ་ཁྲིད་པའི་ཐོབ་ཐང་ཡོད་དགོས་ན། ངེས་པར་དུ་རང་ཉིད་ལ་རླབས་ཆེ་བའི་གསར་བརྗེ་བྱེད་ཕོད་ལ། རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལས་དོན་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས།ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་དགོས།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་སྟོང་གི་རླབས་ཆེན་བྱ་གཞག་གི་ཕུགས་འདུན་བཅངས་ཡོད་ཅིང་།ལོ་འཁོར་བརྒྱ་ནི་ལང་ཚོ་དཔལ་འབར་བའི་དུས་ཡིན། ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། ང་ཚོར་སྤོབས་སེམས་བསྐྱེད་ཡོང་། མ་འོངས་པར་རྒྱང་བལྟ་བྱས་ན། ང་ཚོའི་སེམས་པ་རྦ་རླབས་བཞིན་འཕྱུར་ངེས། ལོ་རྒྱུས་ནི་ཁ་སང་ནས་དེ་རིང་བར་དང་དེ་རིང་ནས་སང་ཉིན་དུ་བསྐྱོད་པ་ཞིག་ཡིན་པས་ལོ་རྒྱུས་ཀྱི་འབྲེལ་བ་ཆད་དུ་འཇུག་ཐབས་མེད། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་རིང་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་གཟི་བྱིན་གསར་སྐྲུན་བྱས་ཡོད། དེ་རིང་ཀྲུང་གོ་གུང་ཁྲན་ཏང་ལ་ཐོབ་པའི་གཟི་བྱིན་ནི་སང་ཉིན་སྔར་ལས་ཆེ་བའི་གཟི་བྱིན་འཐོབ་པར་སྔོན་འགྲོའི་ཆ་རྐྱེན་མཁོ་འདོན་དང་ཆ་རྐྱེན་བསྐྲུན་པ། རྨང་གཞི་བཏིང་བ་བཅས་ཡིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་ནམ་ཡང་འབད་འཐབ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་ལོ་འཁོར་བརྒྱ་སྟེ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ། ལེའུ་གསར་པ་བརྩམས་ནས་མཛད་རྗེས་གསར་པ་སྔར་ལས་ཆེ་བ་གཏོད་ཐུབ་ངེས། ལོ་རྒྱུས་ཀྱིས་མི་དམངས་ཀྱི་འཚོལ་ཞིབ་དང་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་བསྐྲུན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འོད་སྟོང་འབར་བའི་ལོ་རྒྱུས་གསར་སྐྲུན་བྱས་ཡོད། “ལོ་རྒྱུས་ལ་བལྟས་ན་མདུན་ལམ་མཐོང་ཐུབ།” ཀྲུང་གོ་གུང་ཁྲན་ཏང་གི་ལོ་འཁོར་བརྒྱའི་ལོ་རྒྱུས་ལ་སློབ་སྦྱོང་དང་བསྐྱར་དྲན་བྱེད་སྐབས། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་དགོས་པ་དང་། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་འབྱུང་འགྱུར་གྱི་གདེང་ཚོད་ཇེ་བརྟན་དུ་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།