ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཉེན་འགོག་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་གི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་མཛུབ་སྟོན་བསམ་འཆར》དཔར་འགྲེམ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར《ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཉེན་འགོག་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་གི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་མཛུབ་སྟོན་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་པར་བསྡུ་རྒྱུ།)དཔར་འགྲེམ་བྱས།

《བསམ་འཆར》ལས་བསྟན་དོན། སྔར་ལས་ལྷག་པར་ཕན་ཚུན་རོགས་རེས་མཉམ་ཕན་དང་འགན་འཁྲི་མཉམ་ཁུར་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཉེན་འགོག་གི་ལམ་ལུགས་འཐུས་ཚང་འཛུགས་པ་དང་། སྔར་ལས་ལྷག་པར་ལས་བཟོ་པའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་སྣར་སྒོ་བསྟེན་སྨན་བཅོས་ཀྱིས་འགན་སྲུང་བྱེད་པའི་གནད་དོན་ཐག་གཅོད་དང་། ཁོ་ཚོའི་སྨན་ཡོན་གྱི་འགན་ཁུར་དངོས་གནས་ཇེ་ཡང་དུ་གཏོང་ཆེད། 《བསམ་འཆར》གཏན་འབེབས་བྱས།《བསམ་འཆར》གྱིས་ལས་བཟོ་པའི་སྨན་བཅོས་འགན་སྲུང་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་བྱེ་བྲག་གི་བྱེད་ཐབས་ཕྱོགས་ལྔ་ནས་བཏོན་ཡོད།

དང་པོ་ནི། སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་གི་ནུས་པ་ཇེ་ཆེར་གཏོང་བ། ལས་བཟོ་པའི་སྨན་བཅོས་འགན་སྲུང་གི་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་ཡོན་གཅིག་གྱུར་འཆར་འགོད་ཀྱིས་འགན་སྲུང་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིམ་བཞིན་རྒྱུན་འབྱུང་དང་རྒྱུན་མཐོང་ནད་ཀྱི་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་ཡོན་གཅིག་གྱུར་འཆར་འགོད་ཀྱིས་ཐེབས་རྩས་སྤྲོད་པའི་ཁོངས་སུ་འཇོག་རྒྱུ། སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་གཅིག་གྱུར་འཆར་འགོད་བྱས་ཏེ་ལས་བཟོ་པའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་ཡོངས་ལ་ཁེབས་པར་བྱེད་པ་དང་། སྲིད་ཇུས་ཀྱི་ཁྱབ་ཁོངས་ལས་སྤྲོད་པའི་བསྡུར་ཚད50%ནས་མགོ་བརྩམས་ཏེ། ལས་འཁྱུར་ངལ་གསོ་པར་འོས་འཚམ་གྱིས་གཟིགས་སྐྱོང་བྱ་རྒྱུ། གཅིག་གྱུར་འཆར་འགོད་ཐེབས་རྩ་ལས་སྤྲོད་པའི་སྒོ་བསྟེན་སྨན་བཅོས་ཀྱི་དལ་བའི་རང་བཞིན་གྱི་ནད་དང་། དམིགས་བསལ་ནད་ཀྱི་ནད་རིགས་ཁྱབ་ཁོངས་རིམ་པ་བཞིན་རྒྱ་བསྐྱེད་པ། བཅོས་ཡུན་རིང་ལ། བདེ་ཐང་ལ་གནོད་པ་དང་། སྨན་ཡོན་མཐོ་བ་བཅས་ཀྱི་ནད་རིགས་སྐོར་ཞིག་གི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་ཡོན་དེ་མཉམ་ཕན་འགན་སྲུང་གི་ནང་དུ་འཇོག་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་སྒོ་བསྟེན་སྨན་བཅོས་གཅིག་གྱུར་འཆར་འགོད་བྱེད་པ་དུས་མཉམ་ངང་འཐུས་ཚང་དུ་གཏོང་དགོས། འགན་སྲུང་ནང་ཞུགས་མཁན་གྱིས་ཕྱི་ཡི་སྨན་ཐོ་ཁྱེར་ཏེ་གནས་གཏན་འཁེལ་བྱས་པའི་སྨན་རྫས་སིལ་ཚོང་ཁང་ནས་རྩིས་རྒྱག་པ་དང་སྨན་སྡེབ་པར་རྒྱབ་སྐྱོར་བྱེད་པ་དང་།ཆ་རྐྱེན་དང་མཐུན་པའི“སྦྲེལ་དྲ+”ཡི་སྨན་བཅོས་ཞབས་ཞུ་དེ་འགན་སྲུང་ཁྱབ་ཁོངས་སུ་འཇོག་པར་འཚོལ་ཞིབ་བྱ་རྒྱུ།

གཉིས་པ་ནི། མི་སྒེར་གྱི་རྩིས་ཐོ་ནང་འཇོག་ཐབས་ཇེ་ལེགས་སུ་གཏོང་བ། སྒྲིག་ཁོངས་སུ་གཏོགས་པའི་ལས་བཟོ་པའི་མི་སྒེར་གྱི་རྩིས་ཐོ་ནང་དུ། རང་གིས་སྤྲད་པའི་གཞི་རྩའི་སྨན་བཅོས་ཉེན་འགོག་མ་དངུལ་འཇོག་པ་དང་། འཇོག་ཚད་རྩ་བའི་སྟེང་ནས་མི་སྒེར་གྱི་སྤྲོད་ཚད་མ་གྲངས་ཀྱི2%ཀྱི་ནང་ཡིན་པ་ཚོད་འཛིན་བྱེད་དགོས། ལས་ཁུངས་ཀྱིས་སྤྲད་པའི་གཞི་རྩའི་སྨན་བཅོས་ཉེན་འགོག་མ་དངུལ་ཡོད་ཚད་གཅིག་གྱུར་འཆར་འགོད་ཀྱིས་ཐེབས་རྩའི་ནང་འཇོག་དགོས། ལས་འཁྱུར་ངལ་གསོ་པའི་མི་སྒེར་གྱི་རྩིས་ཐོ་ནི། རྩ་དོན་ལྟར་ན་གཅིག་གྱུར་ཐེབས་རྩས་མ་དངུལ་གཏན་འཁེལ་བྱས་ཏེ་འཇོག་པ་དང་། འཇོག་ཚད་ནི་གཅིག་གྱུར་འཆར་འགོད་ས་ཁུལ་གྱིས《བསམ་འཆར》ལག་བསྟར་དང་བཅོས་བསྒྱུར་བྱས་པའི་ལོ་དེའི་གཞི་རྩའི་རྒན་གསོའི་མ་དངུལ་ཆ་སྙོམས་བྱས་པའི2%ཡས་མས་སུ་རིམ་གྱིས་ལེགས་སྒྲིག་བྱེད་དགོས། ཇེ་མང་དུ་བཏང་བའི་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩའི་མ་དངུལ་ནི། གཙོ་བོ་སྒོ་བསྟེན་སྨན་བཅོས་ཀྱི་མཉམ་ཕན་འགན་སྲུང་དང་། སྒོ་བསྟེན་སྨན་བཅོས་ཀྱི་གླ་ཕོགས་ཇེ་མཐོར་གཏོང་བའི་ཐད་སྤྱོད་རྒྱུ།

གསུམ་པ་ནི། མི་སྒེར་གྱི་རྩིས་ཐོ་སྤྱོད་རྒྱ་ཚད་ལྡན་དུ་གཏོང་བ། མི་སྒེར་གྱི་རྩིས་ཐོ་ནི་གཙོ་བོ་འགན་སྲུང་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་རང་གིས་སྤྲོད་དགོས་པའི་སྨན་ཡོན་ཐད་སྤྱོད་དགོས། འགན་སྲུང་ནང་ཞུགས་མཁན་དང་དེའི་བཟའ་ཟླ་དང་ཕ་མ། བུ་ཕྲུག་བཅས་ཀྱིས་གནས་གཏན་འཁེལ་བྱས་པའི་སྨན་ཁང་དུ་ནད་བཅོས་བྱས་རྗེས་རང་གིས་འགན་འཁུར་དགོས་པའི་སྨན་ཡོན་ཐད་སྤྱོད་པ་དང་། དེ་མིན་གནས་གཏན་འཁེལ་བྱས་པའི་སྨན་རྫས་སིལ་ཚོང་ཁང་དུ་སྨན་དང་སྨན་བཅོས་ཡོ་བྱད། སྨན་བཅོས་རྒྱུ་ཆ་བཅས་རང་ཉིད་ཀྱིས་འགན་འཁུར་དགོས་པའི་སྨན་ཡོན་ཐད་སྤྱོད་དགོས། མི་སྒེར་གྱི་རྩིས་ཐོ་དེ་བཟའ་ཟླ་དང་ཕ་མ། བུ་ཕྲུག་བཅས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ནང་ཞུགས་པ་སོགས་མི་སྒེར་གྱི་འགྲོ་གྲོན་ཐད་སྤྱོད་ཚུལ་འཚོལ་ཞིབ་བྱ་རྒྱུ། སྨན་བཅོས་འགན་སྲུང་གི་འགན་སྲུང་ཁྱབ་ཁོངས་སུ་མི་འདུ་བའི་འགྲོ་གྲོན་ཁྲིམས་ལྟར་ཚད་ལྡན་དུ་གཏོང་དགོས།

བཞི་པ་ནི། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་མ་དངུལ་ལ་སྔོན་དཔག་དོ་དམ་བྱེད་པའི་ལམ་ལུགས་ནན་གྱིས་ལག་བསྟར་དང་། ཐེབས་རྩའི་མ་དངུལ་ལ་རྩིས་བཤེར་དང་ནང་ནས་ཚོད་འཛིན་བྱེད་པའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མི་སྒེར་གྱིས་རྩིས་ཐོ་སྤྱོད་པ་དང་། རྩིས་རྒྱག་པ་བཅས་ཀྱི་བརྒྱུད་རིམ་ལ་ཞིབ་དཔྱད་བསྡུར་བཤེར་བྱེད་པར་ཤུགས་སྣོན་དགོས། སྨན་བཅོས་བྱེད་པ་དང་སྨན་ཡོན་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རྫུན་དང་སྙད་འདོགས་གཡོ་ལེན་བྱས་ཏེ་སྨན་བཅོས་འགན་སྲུང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། ས་ཆ་གཞན་ནས་སྨན་བཅོས་བྱེད་པར་སྒོ་བསྟེན་སྨན་བཅོས་ཀྱི་སྨན་ཡོན་ཐད་ཀར་ས་གནས་དེ་ག་རུ་རྩིས་རྒྱག་པར་སྐུལ་སྤེལ་བྱེད་རྒྱུ་དང་། གཞི་རིམ་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ།

ལྔ་པ་ནི། སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་དང་འཕྲོད་མཐུན་ཡིན་པའི་རིན་སྤྲོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ། གཞི་རིམ་སྨན་བཅོས་ཞབས་ཞུ་ནི་མི་གྲངས་ལྟར་རིན་སྤྲད་ཆོག་ལ། མི་གྲངས་ལྟར་རིན་སྤྲོད་པ་དང་དལ་བའི་རང་བཞིན་གྱི་ནད་ལ་དོ་དམ་བྱེད་པ་གཉིས་ཟུང་འབྲེལ་བྱེད་སྟངས་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། ཉིན་མོའི་གཤགས་བཅོས་དང་ཆ་རྐྱེན་ལོངས་པའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ལ། ནད་རིགས་དང་ནད་རྟགས་ཀྱི་འབྲེལ་ཡོད་རིགས་དབྱེ་ལྟར་རིན་སྤྲོད་པ་ཁྱབ་སྤེལ་གཏོང་དགོས། ཚན་རིག་དང་མཐུན་ལ་ལུགས་མཐུན་ཡང་ཡིན་པའི་སྒོ་ནས་སྨན་བཅོས་འགན་སྲུང་གི་སྨན་རྫས་རིན་སྤྲོད་ཀྱི་ཚད་གཞི་གཏན་འཁེལ་བྱེད་དགོས།

《བསམ་འཆར།》ལས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མཐུན་སྦྱོར་ནང་རྐྱེན་བཙུགས་ཏེ། བྱ་བ་དངོས་འབེབས་བྱེད་པར་དམ་འཛིན་བྱེད་དགོས་པ་དང་། 2021ལོའི་ཟླ12པའི་སྔོན་ལ་ལག་བསྟར་བྱེད་ཐབས་བཏོན་ཏེ། གཅིག་གྱུར་འཆར་འགོད་ཀྱིས་ས་ཁུལ་སོ་སོས་རང་ས་གནས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱེད་པ་དང་། སྲིད་ཇུས་ཀྱི་གཏན་འཁེལ་བྱེ་བྲག་ཏུ་གཏོང་བར་མཛུབ་སྟོན་བྱེད་དགོས། བར་བརྒལ་དུས་ཡུན་ལོ3ཡས་མས་བཀོད་སྒྲིག་བྱས་ཏེ། བཅོས་བསྒྱུར་དམིགས་འབེན་རིམ་གྱིས་མངོན་འགྱུར་བྱེད་ཆོག དྲིལ་བསྒྲགས་ཁྲིད་སྟོན་གཙོ་གནད་དུ་བཟུང་ནས། སྲིད་ཇུས་ཡང་དག་པའི་སྒོ་ནས་འགྲེལ་བཤད་དང་། སྨན་བཅོས་ཉེན་འགོག་མཉམ་སྐྲུན་མཉམ་རོལ་དང་། མཉམ་རོགས་མཉམ་ཕན་བྱེད་པའི་དོན་སྙིང་གལ་ཆེན་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་དགོས། རང་འགུལ་དང་འབད་པ་ཆེན་པོས་སྤྱི་ཚོགས་ཀྱིས་དོ་སྣང་ལ་ཨ་ལན་སྤྲད་དེ། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།