ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་པ།

མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་ཞིབ་ཐེངས་གསུམ་པའི་གནས་ཚུལ་གཙོ་བོའི་སྙན་ཞུར་གསན་ཞིང་། 《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ4པའི་ཚེས30ཉིན་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་ཞིབ་ཐེངས་གསུམ་པའི་གནས་ཚུལ་གཙོ་བོའི་སྙན་ཞུར་གསན་ཞིང་། 《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ཀྱིས་བལྟས་ན། ད་ལོའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་འཆར་འགོད་སྒོས་སྐུལ་སྤེལ་བྱས་པ་དང་། ཆེ་མཐོང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་ལ། དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པ་ལེགས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ།

གྲོས་ཚོགས་ཀྱིས་བསྟན་དོན། དུས་ཚིགས་དང་པོའི་དཔལ་འབྱོར་གཞི་གྲངས་ལ་རྩོད་སྒྲུབ་ཀྱི་ལྟ་ཚུལ་འཛིན་དགོས་ཏེ། མིག་སྔའི་དཔལ་འབྱོར་སླར་གསོ་བྱུང་བ་དོ་མཉམ་མིན་པ་དང་རྨང་གཞི་བརྟན་པོ་མིན་པས། བརྟན་བརླིང་ངང་འཕར་ཞིང་གནོན་ཤུགས་ཅུང་ཆུང་བའི་དུས་སྐབས་བཟང་པོ་བེད་སྤྱོད་ལེགས་པོ་བྱས་ནས། དཔལ་འབྱོར་བརྟན་བརླིང་ཁྲོད་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སེམས་ཤུགས་གཅིག་སྒྲིམ་སྤྱོད་པའི་སྒོས་ཟབ་སྤེལ་བྱེད་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་དང་རྒྱལ་ནང་རྒྱལ་སྤྱི་གཉིས་ཀའི་འཁོར་སྐྱོད་ཁེགས་གནས་བསལ་ཏེ། “ལྔ་བཅུ་བཞི”ཡི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་མཐུད་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་གནད་ཁེལ་དུ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་དགོས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་སྒྲིག་འཛུགས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མགོ་མཇུག་ཁྱད་མེད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོར་འཛིན་དགོས། ཆེ་མཐོང་སྲིད་ཇུས་གནད་ཁེལ་དུ་ལག་བསྟར་བྱེད་དགོས་ཤིང་། ཆེ་མཐོང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན། མཐུད་མུར་འཕེལ་འཐུས་པའི་རང་བཞིན་བཅས་སྲུང་འཛིན་བྱས་པ་དང་། གློ་བུར་དུ་ཁ་ཕྱོགས་མི་བསྒྱུར་པར་དུས་ཚོད་དང་ཚད། ཕན་འབྲས་བཅས་ཚོད་འཛིན་ལེགས་པོ་བྱས་ཤིང་། རྨང་བརྟན་ཤུགས་གསོ་དང་སྔོན་དཔག་བརྟན་སྲུང་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་སྟོང་ཞིག་ཏུ་སྲུང་འཛིན་བྱས་པ་དང་། དཔལ་འབྱོར་སླར་གསོའི་ཁྲོད་ནས་ཆུ་ཚད་སྔར་ལས་མཐོ་བའི་དོ་མཉམ་ཡོང་དུ་འཇུག་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དངོས་འབེབས་ཞིབ་མོ་བྱེད་དགོས་ལ། གཞི་རིམ་གྱི“འགན་སྲུང་གསུམ”གྱི་མཐའ་ཐིག་བརྟན་པོར་བཏང་སྟེ། དཔལ་འབྱོར་སྒྲིག་གཞི་ལེགས་བསྒྱུར་བྱེད་པའི་འཇའ་ཤིང་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། བརྟན་བརླིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་ལ་འཁོར་རྒྱུག་ལུགས་མཐུན་དང་འཛོམས་པོ་ཞིག་སྲུང་འཛིན་བྱེད་དགོས་ལ། དངོས་གཉེར་དཔལ་འབྱོར་དང་གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་ལ་རྒྱབ་སྐྱོར་ཇེ་དྲག་ཏུ་བཏང་སྟེ། དམངས་སྒོར་འཛའ་ཐང་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་སྟེང་ཕལ་ཆེར་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཐོན་ལས་ལེགས་བསྒྱུར་རིམ་སྤར་ལ་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། བཟོ་ལས་དང་མཉམ་སྦྲེལ་དྲ་རྒྱ་ཧུར་ཐག་གིས་འཕེལ་རྒྱས་བཏང་སྟེ། ཐོན་ལས་གྲངས་ཀ་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་དགོས། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས་ནས། ནུས་ཁུངས་གསར་པ་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་མགྱོགས་མྱུར་ངང་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་དངུལ་གཏོང་དང་དམངས་ཁྲོད་ཀྱི་དངུལ་གཏོང་མགྱོགས་པོར་སླར་གསོ་འབྱུང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ལས་གཞི་གནད་ཆེན་ལ་སྤྱོད་པའི་ས་ཞིང་སོགས་ཀྱི་འགན་སྲུང་ལེགས་པོར་བསྒྲུབ་དགོས། ཐུན་མོང་ཕྱུག་འགྱུར་འགུལ་སྐྱོད་ཀྱི་རྩ་གནད་གཏན་འབེབས་བྱས་ནས། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་རྒྱ་ཁྱབ་ཏུ་འཕར་བ་དེས་ནང་མཁོ་མཐུད་མུར་རྒྱ་བསྐྱེད་པར་འདེགས་སྐྱོར་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་སྤེལ་གཏོང་དགོས། རྒྱལ་ཁབ་ཁེ་ལས་བཅོས་བསྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། རིགས་སོ་སོའི་ཆུ་ཚད་མཐོ་བའི་སྒོ་འབྱེད་སྟེགས་བུ་མགྱོགས་མྱུར་ངང་བསྐྲུན་དགོས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་ཐག་གཅོད་བྱེད་དགོས་ཤིང་། ས་གནས་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོས་འགན་འཁུར་བའི་ནོར་སྲིད་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ནང་རྐྱེན་འཛུགས་དགོས་ལ། སྟེགས་བུའི་དཔལ་འབྱོར་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། དྲང་སྙོམས་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་དགོས་ལ། ལས་ཞུགས་དམིགས་སུ་འཛིན་པའི་སྲིད་ཇུས་ཇེ་དྲག་ཏུ་གཏོང་དགོས། སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སོགས་གཙོ་གནད་མང་ཚོགས་ཀྱི་ལས་ཞུགས་ལེགས་པོར་བསྒྲུབས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་ཁྲོད་ནས་དབུལ་ཐར་མི་འབོར་གྱི་འཚོ་བ་བསྟུད་མར་ལེགས་བཅོས་བྱེད་དགོས་ལ། དམངས་འཚོའི་ཚོང་ཟོག་གཙོ་བོའི་མཁོ་འདོན་ལ་ཁག་ཐེག་དང་རིན་གོང་བརྟན་བརླིང་ཡོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཁང་པ་ནི་སྡོད་སར་སྤྱོད་པ་ལས་སྒྱུར་ཚོང་བྱེད་པར་སྤྱོད་པ་མ་ཡིན་པའི་གནས་མཚམས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འགན་སྲུང་རང་བཞིན་གྱི་གླས་སྤྱོད་སྡོད་ཁང་དང་ཐུན་མོང་ཐོན་དབང་གི་སྡོད་ཁང་འདོན་སྤྲོད་ཇེ་ཆེར་བཏང་སྟེ། སློབ་ཁུལ་ཁང་པ་སོགས་ཀྱི་མིང་ཐོག་ནས་ཁང་རིན་ཇེ་མཐོར་གཏོང་བ་བཀག་འགོག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལྷོད་གཡེང་མེད་པར་ལེགས་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐུད་པ་འདི་ཐོག་མཐའ་བར་གསུམ་དུ་དམ་པོར་བསྡམ་དགོས་ལ། ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་དུ་འཕར་བ་འགོག་པ་རྒྱུན་འཁྱོངས་བྱེད་པ་དང་། འགོག་ཁབ་རྒྱག་པ་ལེགས་འཛིན་བྱས་ཏེ། རིམས་ནད་ཀྱི་རྒྱལ་སྤྱིའི་མཉམ་འགོག་མཉམ་སྡོམ་སྐུལ་སྤེལ་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྟག་ཞིབ་ཐེངས་གསུམ་པ་ནི་ཉེ་བའི་ལོ་འགར་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་བརྟག་ཞིབ་གནད་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་བསྒྱུར་བྱས་རྗེས་གཅིག་གྱུར་གྱིས་སྤེལ་བའི་རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་བརྟག་ཞིབ་ཅིག་ཀྱང་ཡིན། བརྟག་ཞིབ་ཁྲོད་ནས་མངོན་པའི་གནད་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་དབྱེ་ཞིབ་གཏིང་ཟབ་བྱས་ནས། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་བྱེད་ཐབས་སྤྱད་དེ་དངོས་གནས་ཐག་གཅོད་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཆེས་གཟབ་ནན་ཡིན་པའི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། ཞིང་སྡེའི་རྨོ་ཞིང་བཀོལ་སྤྱོད་རྣམ་པ་ལེགས་བསྒྱུར་བྱེད་པ་དང་། ས་གནས་སོ་སོའི་རྨོ་ཞིང་སྲུང་ཚད་དང་དུས་གཏན་གཞི་རྩའི་ཞིང་སའི་སྲུང་སྐྱོབ་ལས་འགན་གཏན་འཁེལ་བྱས་ནས། རྨོ་ཞིང་བེད་སྤྱོད་དང་ཁ་གསབ་དོ་མཉམ་ཡོང་བ་ཚད་ལྡན་དུ་གཏོང་བ་དང་། ཡུན་རིང་བོར་བརྟན་བརླིང་ངང་བེད་སྤྱོད་བྱེད་ཆོག་པའི་རྨོ་ཞིང་གི་སྤྱི་འབོར་ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་ནན་གནོན་བྱེད་དགོས་ལ། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་ལག་བསྟར་བྱས་ནས། ཁྲིམས་འགལ་སྒྲིག་འགལ་གྱིས་ས་ཞིང་བཟུང་སྤྱོད་བྱེད་པའམ་ཡང་ན་ས་ཞིང་བཀོལ་སྤྱོད་བྱེད་སྟངས་བསྒྱུར་བའི་བྱ་སྤྱོད་སྣ་ཚོགས་ལ་ལྟ་ཞིབ་དང་ཐག་གཅོད་ནན་མོ་བྱེད་དགོས། རྨོ་ཞིང“ཞིང་ལས་མ་ཡིན་པར་བསྒྱུར་བ”བཀག་སྡོམ་བྱེད་པ་དང་། “འབྲུ་རིགས་མི་འདེབས་པ”ལ་ནན་ཏན་གྱིས་དོ་དམ་དང་ཚོད་འཛིན་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་ཐད་བཀའ་བབས་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་ཀྱང་མི་ཁོགས་པ། འགན་ཤོར་འགན་འཛོལ་བྱེད་པ་བཅས་ལ་གཟབ་ནན་གྱིས་འགན་འཁྲི་རྩད་ཞིབ་བྱེད་དགོས། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རྩེ་རིམ་འཆར་འགོད་ལ་ཤུགས་སྣོན་པ། ཡུལ་བབ་དང་བསྟུན་པ་བཅས་ཀྱིས། སྐྱེ་ཁམས་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་དགོས། 

གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་རྒྱུན་འཁྱོངས་བྱེད་དགོས། གསར་དུ་འཕར་བའི་འཛུགས་སྐྲུན་བེད་སྤྱོད་ཞིང་སའི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ། ས་ཞིང་གསར་སྤེལ་བེད་སྤྱོད་ཀྱི་ལས་ཆོད་མཐོར་འདེགས་གཏོང་དགོས། མཁར་གྲོང་གིས་གསོག་འཇོག་བྱས་པའི་འཛུགས་སྐྲུན་བེད་སྤྱོད་ཞིང་ས་གསར་སྤེལ་དང་བེད་སྤྱོད་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་དང་། སྲིད་གཞུང་གིས་སྣེ་ཁྲིད་དེ་ཚོང་ཁྲོམ་ཞུགས་སུ་བཅུག་པའི་གྲོང་རྡལ་གྱི་ཕན་འབྲས་དམའ་བའི་ས་ཞིང་ཡང་བསྐྱར་གསར་སྤེལ་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། ས་ཞིང་བཀོལ་སྤྱོད་ཚད་གཞི་དང་ས་ཞིང་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་གྱིས་བཀོལ་སྤྱོད་བྱེད་པའི་གདེང་འཇོག་ཇེ་དྲག་ཏུ་གཏོང་དགོས་ལ། ས་ཞིང་གྲོན་ཆུང་བྱེད་པའི་དཔེ་དབྱིབས་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་དགོས། བརྟག་ཞིབ་གྲུབ་འབྲས་མཉམ་རོལ་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། དེའི་རྨང་གཞིའི་སྟེང་རྒྱལ་ཁོངས་བར་སྟོང་འཆར་འགོད་ལེགས་སྒྲུབ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་ཁོར་ཡུག་སྤུས་ཚད་ཀྱི་གསང་ཐག ཐོན་ཁུངས་བེད་སྤྱོད་ཀྱི་ཡན་མཐའ་བཅས་སྙོམ་སྒྲིག་བྱེད་དགོས་པར་མ་ཟད་སྔར་ལས་གསལ་པོ་བྱེད་དགོས། ཐོན་ཁུངས་ཐད་ཀྱི་རྒྱལ་ཁབ་གནས་ཚུལ་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། སྤྱི་ཚོགས་ཡོངས་སུ་ཐོན་ཁུངས་གྲོན་ཆུང་ངང་བེད་སྤྱོད་བྱེད་པའི་འདུ་ཤེས་བརྟན་པོ་ཆགས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། རྩ་འཛུགས་དམ་ཚགས་ནི་ཏང་གི་སྲོལ་རྒྱུན་ལེགས་པོ་དང་ཁྱད་ལྡན་ལེགས་ཆ་ཡིན། 《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག》གཏན་འབེབས་བྱས་ནས་དངོས་སུ་བཏོན་པ་དེས། ཏང་གིས་རྩ་འཛུགས་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་གཏིང་ཟབ་སྒོས་ལག་ལེན་དུ་བསྟར་བ། རྩ་འཛུགས་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་དུ་བསྒྱུར་བར་སྐུལ་སྤེལ་བྱེད་པ། རྩ་འཛུགས་ཀྱི་བྱ་བའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྩ་འཛུགས་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མགོ་ཁྲིད་རྩ་འཛུགས་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་པོར་ལག་ལེན་དུ་བསྟར་དགོས། ཏང་གི་རྩ་འཛུགས་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། ཏང་གི་གཅིག་བསྡུས་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་རྩ་འཛུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གོང་འོག་འབྲེལ་མཐུད་ཡོང་བ་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་སྟེ། ཏང་གི་ཆབ་སྲིད་མགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་སྐུལ་སློང་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་ལག་ལེན་དུ་བསྟར་དགོས་ལ། ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས་བཟང་པོ་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་དང་སྤྱོད་པ་གཙོར་འཛིན། ཕྱོགས་བཞི་མཚམས་བརྒྱད་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་བཞག་བྱེད་པ་རྒྱུན་འཁོངས་བྱེད་དགོས། མི་ཡང་དག་པར་འདེམས་བསྐོ་བྱེད་པ་དང་མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་དཀར་གཙང་སྤྱོད་ཐེག་ཁུར་ཅན་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་བསྐྲུན་པར་ཤུགས་འདོན་དགོས། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་ལག་ལེན་དུ་བསྟར་ཏེ། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། སྒོ་འབྱེད་དཀྱེལ་ཡངས། འཁོར་སྐྱོད་ཕན་འབྲས་མཐོ་བའི་འཇོན་མི་འཕེལ་རྒྱས་བཅོས་སྐྱོང་མ་ལག་སྒྲིག་འཛུགས་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་རྒྱལ་གཅེས་ཧུར་ཐག་དང་གསར་གཏོད་དང་གསར་སྐྲུན་བྱེད་ཕོད་པའི་ཕུལ་བྱུང་འཇོན་མིའི་དཔུང་སྡེ་ཞིག་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་རྩ་འཛུགས་བྱ་བ་ལེགས་པོར་འཛིན་པའི་མགོ་ཁྲིད་ལས་འགན་རང་འགུལ་གྱིས་དང་དུ་ལེན་དགོས། མ་ལག་ཇུས་འགོད་དང་གཅིག་གྱུར་འཆར་འགོད་སྒོས་མཐུན་སྦྱོར་བྱེད་པ། འགག་རྩ་འཛིན་པ་དང་གནས་ཕྱོགས་གཏན་འཁེལ་བྱེད་པར་ཤུགས་སྣོན་པ་དང་། རྩ་འཛུགས་ཇེ་དྲག་དང་ཚན་ཁག་འཛིན་པ། དཔུང་སྡེར་སྣེ་ཁྲིད། འཇོན་མི་གསོ་སྐྱོང་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། རྩ་འཛུགས་བྱ་བར་ཆ་རྐྱེན་ལེགས་པོ་དང་ཁོར་ཡུག་ལེགས་པོ་བསྐྲུན་དགོས།

གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།