ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས6ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་འདི་འགའི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་འཕྲད་དཀའ་བའི་རྙོག་འཛིང་གི་གནས་བབ་ལ་འཕྲད་མོད། ཡིན་ནའང་ཕྱོགས་རིང་ལུགས་ལ་དེར་བརྟེན་ནས་རྒྱབ་སྐྱོར་སྔར་ལས་མང་པོ་ཐོབ་ཡོད། ཕྱོགས་མང་རིང་ལུགས་ནི་མཉམ་འབྲེལ་རྒྱལ་ཚོགས་དང་འབྲལ་ཐབས་མེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འབྲལ་ཐབས་མེད་ལ། རྒྱལ་ཁབ་སོ་སོའི་མཉམ་ལས་དང་ཡང་འབྲལ་ཐབས་མེད། འཛམ་གླིང་ལ་དོན་དམ་པའི་ཕྱོགས་མང་རིང་ལུགས་མཁོ་བས། རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ཀྱི་དམིགས་བྱ་དང་རྩ་དོན་ལྟར་བྱ་བ་སྒྲུབ་པ་ལས། ཕྱོགས་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་བྱ་སྤྱོད་ཡོད་མི་རུང་ལ། ཕྱོགས་མང་རིང་ལུགས་ཀྱི་མིང་གཡར་ནས་ཚོགས་པ་ཆུང་ཆུང་བཙུགས་ཏེ་འདུ་ཤེས་འཛིན་སྟངས་ལ་ངོ་ཡ་བྱེད་མི་རུང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིའི་བྱ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ་དོན་དམ་པའི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་འགན་ཆེས་གལ་ཆེ་བ་ནི་སྔར་བཞིན་དུ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་དེ་ཡིན། འཛམ་གླིང་ཡོངས་ཀྱིས་མཉམ་ལས་ལ་ཤུགས་སྣོན་དགོས་པ་ལས་ཆབ་སྲིད་ཀྱི་རྩེད་མོ་རྩེ་མི་རུང་། རྒྱལ་ཁབ་ཆེན་པོས་མིག་དཔེ་བསྟན་ནས་སྤྱི་པའི་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བརྒྱད་ཅུ་ལྷག་ལ་འགོག་སྨན་ཀྱིས་རོགས་སྐྱོར་བྱས་པ་དང་། རྒྱལ་ཁབ་ལྔ་བཅུ་ལྷག་ལ་འགོག་སྨན་ཕྱིར་གཏོང་བྱས་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་འགུལ་སྐྱོད་དང་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་ལ་འགོག་སྨན་སྟེར་རྒྱུའི་ཐག་བཅད་པ་མ་ཟད། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ལག་བསྟར་འཆར་གཞིར་མུ་མཐུད་དུ་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་ནི་དོན་ཆེན་ཞིག་ཡིན། ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་དབྱང་གཉིས་ཐན་འགྱུར་ཕྱིར་གཏོང་ཚད་འཕར་མཚམས་འཇོག་པ་དང་། ཉིས་སྟོང་དྲུག་ཅུ་ལོའི་སྔོན་ལ་ཐཱན་སྙོམ་སྦྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་བཀོལ་བའི་དུས་ཚོད་ལས་ཧ་ཅང་ཐུང་། འདི་ནི་ཀྲུང་གོའི་རང་འགུལ་གྱིས་སྤྱད་པའི་བྱེད་ཐབས་ཡིན། ཀྲུང་གོས་མུ་མཐུད་དུ་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་འབད་བརྩོན་ཆེན་པོ་བྱས་ཏེ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རང་ནུས་ཅི་ལྕོགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་དུ་མཉམ་ལས་བྱེད་བཞིན་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་བཞིན་ཡོད། འདི་ནི་ཀྲུང་གོའི་དུས་རྒྱུན་གྱི་བྱེད་ཐབས་ཡིན་ལ་ཀྲུང་གོའི་ཕྲག་ཏུ་བབས་པའི་དྲང་བདེན་གྱི་འགན་འཁྲི་ཡང་ཡིན། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སོགས་ཀྱི་གྲོས་གཞི་མང་པོ་བཏོན་པ་ཡང་དེར་བསམ་གཞིགས་བཏང་བ་ཡིན། ཀྲུང་གོ་བ་ཁ་བཤད་དོན་ལ་གནས་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་བགྲོད་ལམ་གསར་པ་བཏོད་ཡོད། ད་ལོ་ནི་ཀྲུང་གོ་གསར་པས་མཉམ་འབྲེལ་རྒྱལ་ཚོགས་སུ་ཟིན་པའི་ཁྲིམས་མཐུན་གོ་གནས་སླར་གསོ་བྱས་ཏེ་ལོ་ལྔ་བཅུ་འགོར་བའི་ལོ་ཡིན་པས། ཀྲུང་གོས་གཟབ་རྒྱས་ཆེ་བའི་དྲན་གསོའི་བྱ་འགུལ་སྤེལ་རྒྱུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀུའུ་ཐི་ལེ་སི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་ཀྲུང་གོ་གསར་པས་མཉམ་འབྲེལ་རྒྱལ་ཚོགས་སུ་ཟིན་པའི་ཁྲིམས་མཐུན་གོ་གནས་སླར་གསོ་བྱས་ཏེ་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་དབུལ་ཐར་ཐད་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་དང་། ཀྲུང་གོས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོས་འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུརལྡོག་ལ་ཁ་གཏད་འཇལ་བར་བྱས་རྗེས་བཞག་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་དང་ལྷག་པར་དུ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་འདྲ་མཉམ་གྱིས་བགོ་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པ་སོགས་ཐད་ནས་ཀྲུང་གོའི་བར་དུ་མཉམ་ལས་དམ་པོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་གསར་པར་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།