ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་འཕྲལ་མྱུར་བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་མོ་ཞི་ཁོའི་ས་འོག་ལྕགས་ལམ་གྱི་ལྕགས་ལམ་ཟམ་པ་རྡིབ་ནས་ཤི་རྨས་ལས་འཛོལ་ཚབས་ཆེན་བྱུང་བའི་ཡ་ང་བའི་བསླབ་བྱ་བླངས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་རང་རྒྱལ་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱ་བར་བཀོད་སྒྲིག་བྱས། 

བརྡ་ཐོའི་ནང་བསྟན་དོན། མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་དྲ་བའི་གཞི་ཁྱོན་དང་འགྲུལ་རྒྱུན་གྱི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། སྐྲུན་བཞིན་པའི་ལམ་ཐིག་སྤྱི་ལེ6700ལྷག་དང་གཉེར་སྐྱོང་ལམ་ཚད་སྤྱི་ལེ7500ལྷག་ཟིན་ཡོད། ལྕགས་ལམ་དྲ་བའི་གཞི་ཁྱོན་རྒྱུན་མི་ཆད་པར་ཆེ་རུ་སོང་བ་དང་ཆབས་ཅིག་གཉེར་སྐྱོང་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་རུ་ཕྱིན་ཞིང་། བདེ་འཇགས་ཉེན་ཁ་རྒྱུན་མི་ཆད་པར་ཇེ་མང་དང་བདེ་འཇགས་འཁོར་སྐྱོད་ཀྱི་གནོན་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ཡོད། 2019ལོར་ཅང་སུའུ་ཝུའུ་ཤིས་ཡི“10·10”མཐོ་ཟམ་རྡིབ་པ་དང་། 2020ལོར་ཐེན་ཅིན་པིན་ཧའེ་ཁུལ་གསར་གྱི“11·1”ལྕགས་ལམ་ཟམ་པ་རྡིབ་པ་སོགས་ཀྱི་དོན་རྐྱེན་གྱི་བསླབ་བྱ་གཏིང་ཟབ་བླངས་ནས་དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་ཉེན་ཁ་སེལ་དགོས། 

བརྡ་ཐོའི་ནང་། ལྕགས་ལམ་འགྲིམ་འགྲུལ་ཡོད་པའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་དང་འགན་ནུས་སྡེ་ཁག་གིས་ཆེད་དོན་ཞིབ་བཤེར་ལས་ཀའི་ཇུས་གཞི་གཏན་འབེབས་ནན་ཏན་བྱས་ཏེ། མགྱོགས་མྱུར་ངང་ཆེད་མཁས་པ་རྩ་འཛུགས་བྱས་ནས་བདེ་འཇགས་ཆེད་དོན་ཞིབ་བཤེར་བྱས་ནས་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་ལ་གྲལ་བཤེར་མཐར་ཕྱིན་བྱེད་པ་དང་། དག་ཐེར་གྱི་འགན་འཁྲི་དང་བྱ་ཐབས། དུས་བཀག་བཅས་དོན་འཁྱོལ་ནན་ཏན་བྱས་ཤིང་། སྤྱིར་བཏང་གི་ཕྱི་ཚུལ་ཙམ་ཞིབ་བཤེར་བྱ་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་སྤྱི་དམངས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་བའི་དོན་རྐྱེན་འབྱུང་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།