ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འཛད་སྤྱོད་སྤུས་ལེགས་ཐོན་རྫས་འགྲེམ་སྟོན་ལ་ཉོ་ཚོང་སྟེགས་བུ་འདོན་སྤྲོད་བྱེད་པར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ཀྲུང་གོའི་ཚོང་རའི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕར་སྣོན་འབྱུང་བ། ཀྲུང་གོས་འཛམ་གླིང་ཡོངས་ལ་སྤུས་ལེགས་འཛད་སྤྱོད་ཐོན་རྫས་འདོན་སྤྲོད་བྱེད་པ་བཅས་ལ་ཕན་ནུས་ལྡན། དེ་བས་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་ལས་རིགས་སོ་སོའི་མི་སྣ་དག་གིས་བརྗེ་རེས་གཏིང་ཟབ་སྤེལ་བ་དང་མཉམ་ལས་ལ་གྲོས་མོལ་བྱས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅོས་བསྒྱུར་ཟབ་སྤེལ་དང་ཆུ་ཚད་ཆེས་མཐོ་བའི་སྒོ་འབྱེད་སྲིད་ཇུས་ཀྱི་ཚོད་ལྟའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་དང་ཕྱོགས་མང་། ས་ཁོངས་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐྲུན་འདོད་ཡོད་ཟེར།

ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་སྐབས་དང་པོ་དེ་ཉིན་དེར་ཧེ་ནན་ཞིང་ཆེན་ཧེ་ཁོའུ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས་པ་དང་། ཚོང་དོན་པུའུ་དང་ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་སྤེལ་བ་ཡིན་ཞིང་། འགྲེམ་སྟོན་གྱི་སྤྱིའི་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི8ཟིན་ལ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས1500ཙམ་འགྲེམ་སྟོན་ཁྲོད་ཞུགས་ཡོད་ཅིང་། དེ་དག་ནི་རྒྱལ་ཁབ་དང་ས་ཁུལ70ལྷག་ནས་ཡོང་བ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།