ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་ཚོགས་འདུ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་ཚོགས་འདུ་ཚེས་གསུམ་ཉིན་གྱི་དགོང་མོར་སྤེལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་ཀི་ལེ་ཁི་ཝ་གཉིས་ཀྱིས་བརྙན་རིས་ལམ་ནས་ཞུ་ཚིག་ཕུལ། 

སུང་ཁྲོན་ལན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་ནི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཆིངས་ཡིག་གི་དགོངས་དོན་དར་སྤེལ་བྱས་ཤིང་། སྔར་ལས་ཆེ་བའི་ཁྱབ་ཁོངས་དང་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ། གནས་སྐོར་སོགས་མི་གཞུང་བརྗེ་རེས་བྱ་འགུལ་མང་དུ་སྤེལ་ནས། དམངས་སེམས་གཅིག་འདྲིས་དང་དཔལ་ཡོན་དཔེ་ལེན་ལ་སྐུལ་འདེད་བཏང་སྟེ། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་ཡར་སྐུལ་བྱེད་དགོས་ཟེར། 

ཀི་ལེ་ཁི་ཝ་ཡིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། མི་གཞུང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཨུ་རུ་སི་དང་ཀྲུང་གོའི་མཛའ་མཐུན་གྱི་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར། 

རོལ་དབྱངས་ཚོགས་འདུ་དེ་ཀྲུང་གོའི་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་དང་མའོ་སི་ཁིའི་ཟློས་གར་ཁང་ཆེན་མོར་སྐུད་འབྲེལ་དང་ཡུལ་དངོས་ཟུང་འབྲེལ་གྱི་ཐབས་ཀྱིས་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔེ་མཚོན་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་བཀོད་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།