ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་སྟངས་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། རྒྱལ་ཡོངས་ས་ཁོངས་རྟོག་ཞིབ་ཐེངས་གསུམ་པའི་གནས་ཚུལ་སྙན་ཞུ་གཙོ་བོར་ཉན་པ་ལས་གཞན། ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག་ཅེས་པར་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད།

གྲོས་ཚོགས་ལས་བསྟན་དོན། ད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། སྤྱི་ཁོག་སྲིད་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བའི་བྱ་བར་ཕན་འབྲས་མངོན་གསལ་བླངས་པ་དང་། དཔལ་འབྱོར་འཁོར་རྒྱུག་ལ་འགོ་ཡག་པོ་བརྩམས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་བླངས།

གྲོས་ཚོགས་ལས་བསྟན་དོན། དུས་ཚིགས་གཅིག་རིང་གི་དཔལ་འབྱོར་གཞི་གྲངས་ལ་རྩོད་སྒྲུབ་ཀྱི་རིགས་ལམ་བཀོལ་ནས་ལྟ་དགོས། མིག་སྔར་དཔལ་འབྱོར་སླར་གསོ་བྱུང་བ་དོ་མཉམ་མིན་པ་དང་རྨང་གཞི་སྔར་བཞིན་བརྟན་གནས་མིན་པས། བརྟན་འཇགས་ཀྱི་སྒོ་ནས་འཕར་སྣོན་ཡོང་བར་བྱེད་པ་དང་གནོན་ཤུགས་ཅུང་ཆུང་བའི་འཕེལ་རྒྱས་ཀྱི་རྣམ་པ་གང་ལེགས་བཀོལ་ནས། དཔལ་འབྱོར་བརྟན་འཇགས་ཀྱི་ཁྲོད་ནས་ལེགས་ལམ་ཕྱོགས་སུ་འཕེལ་བར་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྟོབས་ཤུགས་གཅིག་བསྡུས་བྱེད་པ། རྒྱལ་ནང་གི་འཁོར་རྒྱུག་དང་རྒྱལ་སྤྱིའི་འཁོར་རྒྱུག་གེགས་མེད་སྦྲེལ་མཐུད་ཡོང་བར་བྱེད་པ་བཅས་ལ་འབད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།