ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གཏིང་ཟབ། སེམས་ཤུགས་གཅིག་སྒྲིལ། ཁག་ཁུར་དངོས་སྒྲུབ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྔམ་བརྗིད་དང་མཛེས་སྡུག་གི་ཀོང་ཞི་འཛུགས་སྐྲུན་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས25ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་བ་དང་ཡག་དག་པ། ཁྱོན་ཡོངས་བཅས་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བསམ་བློ་བཅིངས་འགྲོལ་དང་། བཅོས་བསྒྱུར་གཏིང་ཟབ། སེམས་ཤུགས་གཅིག་སྒྲིལ། ཁག་ཁུར་དངོས་སྒྲུབ། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ།འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་ཀྱིས། མཐའ་མཚམས་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་ཞབས་ཞུ་དང་ཟབ་ཞུགས་བྱེད་པའི་ཐད་ལས་སྟངས་གསར་པ་མངོན་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། མཐའ་མཚམས་ཞི་བདེ་བཅས་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཐད་ཁག་ཁུར་གསར་པ་མངོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྔམ་བརྗིད་དང་མཛེས་སྡུག་ལྡན་པའི་ཀོང་ཞི་འཛུགས་སྐྲུན་བྱེད་དགོས།

ཟླ4པའི་ཚེས25ཉིན་ནས་ཚེས27ཉིན་བར། ཞི་ཅིན་ཕིང་གིས་ཀོང་ཞི་ཀྲུང་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལུའུ་ཞེན་ཧྲེ་དང་རང་སྐྱོང་ཁུལ་སྲིད་གཞུང་གི་ཀྲུའུ་ཞི་ལན་ཐིན་ལི་གཉིས་ཀྱི་འགྲོ་རོགས་འོག སྔ་གཞུག་ཏུ་ཀུའེ་ལིན་དང་། ལིའུ་ཀྲོའུ།ནན་ཉིང་སོགས་སུ་ཕེབས་པ་དང་། གསར་བརྗེའི་དྲན་གསོ་ཁང་དང་། ཞིང་སྡེ། ཁེ་ལས། མི་རིགས་དངོས་མང་བཤམས་སྟོན་ཁང་སོགས་སུ་ཕེབས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ། “ལྔ་བཅུ་བཞི”ཡི་མགོ་ཡག་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།

ཚེས25ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཀུའེ་ལིན་གྲོང་ཁྱེར་ཆོན་ཀྲོའུ་རྫོང་ཚའེ་ཝན་གྲོང་རྡལ་དུ་གནས་པའི་དམར་དམག་རྒྱང་སྐྱོད་ཀྱི་ཞང་ཅང་གཡུལ་འགྱེད་དྲན་གསོ་གླིང་དུ་ཕེབས་ནས། ཞང་ཅང་གཡུལ་འགྱེད་ཁྲོད་སྐུ་གཤེགས་པའི་དམར་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ཏེ་གུས་འདུད་ཞུས་ཤིང་། “དམར་དམག་གི་བླ་སྲོག”སྐུ་བརྙན་ལ་མཇལ་ཞིང་། དྲན་གསོ་ཁང་དུ་གཟིགས་སྐོར་མཛད། དེའི་རྗེས་སུ། ཞི་ཅིན་ཕིང་ཚའེ་ཝན་གྲོང་རྡལ་མའོ་ཀྲུའུ་ཧྲན་སྡེ་བར་ཕེབས་པ་དང་། ཞི་ཅིན་ཕིང་རྒུན་འབྲུམ་འདེབས་འཛུགས་ར་བར་ཕེབས་ཏེ། རྒུན་འབྲུམ་གྱི་སྐྱེ་སྟངས་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་ཞབས་ཐང་དུ་ཕེབས་ཏེ་སྡེ་བའི་རྣམ་པར་གཟིགས་ཞིབ་གནང་བར་མ་ཟད། སྡེ་དམངས་ཝང་ཏའེ་ལི་ཚང་ལ་ཕེབས་ནས་འཚམས་འདྲི་གནང་ཞིང་། ཁྱིམ་ཚང་གང་པོ་དང་མཉམ་དུ་བཞུགས་ཏེ་ཁྱིམ་ཚང་གི་གནས་ཚུལ་དྲིས།

ཚེས25ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀུའེ་ལིན་གྲོང་ཁྱེར་ཡང་ཧྲའོ་རྫོང་ལི་ཅང་གཙང་པོའི་ཡང་ཐེ་གྲུ་ཁར་ཕེབས་ནས། ལི་ཅང་གཙང་པོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་གསན་པར་མ་ཟད། གྲུར་བཞུགས་ནས་ལི་ཅང་གཙང་པོའི་ཡང་ཧྲའོ་དུམ་མཚམས་སུ་རྟོག་ཞིབ་གནང་།

ཚེས26ཉིན། ཞི་ཅིན་ཕིང་ཀུའེ་ལིན་གྲོང་ཁྱེར་ཞང་པི་རིའི་སྤྱི་གླིང་དུ་ཕེབས་ཏེ། རི་ཆུའི་མཛེས་ལྗོངས་ལ་རྒྱང་གཟིགས་གནང་ཞིང་། རྐང་ལམ་དེད་དེ་ཚོང་ལས་དང་། སྦྲག་སྲིད་སོགས་ཀྱི་ཞབས་ཞུའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ལིའུ་ཀྲོའུ་གྲོང་ཁྱེར་ལ་ཕེབས་ཏེ་རྟོག་ཞིབ་གནང་། ཀོང་ཞི་ལིའུ་ཀོང་ཚོགས་སྒྲིལ་ཚད་ཡོད་ཀུང་སི་རུ། ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་ཀུང་སིའི་འགྲེམས་སྟོན་ཁང་དང་། ཞིབ་འཇུག་གསར་སྤེལ་ཚོད་ལྟ་ལྟེ་གནས། བརྐོ་འདྲུའི་འཕྲུལ་འཁོར་ལྷུ་ལག་སྒྲིག་སྦྱོར་བཟོ་གྲྭ་སོགས་སུ་ཕེབས་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། ཐོན་རྫས་གཙོ་བོའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་སྟེ། ཁེ་ལས་ཀྱི་ལས་བཟོ་པ་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་མི་སྣ་དང་མཉམ་དུ་མཛའ་བརྩེ་ལྡན་པའི་ངང་གླེང་མོལ་མཛད།

དེའི་རྗེས་སུ། ཞི་ཅིན་ཕིང་ལིའུ་ཀྲོའུ་ལོ་ཧྲི་ཧྥུན་ཐོན་སྐྱེད་འདུས་ཁུལ་དུ་ཕེབས་ཏེ། ལོ་ཧྲི་ཧྥུན་གྱི་ཁྱད་ལྡན་ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་འདེད་བཏང་བ་དང་། ཞིང་པའི་ཡོང་སྒོ་འཕར་བར་སྣེ་ཁྲིད་པ་སོགས་ཀྱི་གནས་ཚུལ་ལ་གསན།

ཚེས27ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ནན་ཉིང་གྲོང་ཁྱེར་དུ་ཡོད་པའི་ཡུང་ཅང་གཙང་པོའི་འགྲམ་གྱི་ཀོང་ཞི་མི་རིགས་བཤམས་སྟོན་ཁང་ལ་ཕེབས་ཏེ། ཀྲོང་རིགས་ཀྱི་རིག་གནས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད།

ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ་དང་། ཀོང་ཞི་ཡི་ལས་དོན་སོ་སོར་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་། ཀོང་ཞི་ཡི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཀོང་ཞི་ཡི་ལེའུ་ཧུར་ཐག་སྒོས་བྲིས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྐྱོང་བྱེད་པ་དེས་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་དོན་གྱི་བླང་བྱར་ངོས་འཛིན་གཏིང་ཟབ་བྱེད་དགོས་པར་མ་ཟད། རང་ས་གནས་ཀྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་ཞབས་ཞུ་དང་ཟབ་ཞུགས་བྱེད་པའི་ཁྲོད་ཐོན་པའི་དགེ་མཚན་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ།རང་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གཏོད་དགོས།སྲོལ་རྒྱུན་གྱི་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན།ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་།ཐོན་ལས་སྦྲེལ་ཐག་ཡོངས་རྫོགས་སྤུས་འདེགས་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་བ།གསར་བྱུང་ཐོན་ལས་ཧུར་བརྩོན་གྱིས་སྐྱེད་སྲིང་བྱེད་པ་བཅས་ཀྱིས།ཨང་ཀི་ཐོན་ལས་ཅན་དང་ཐོན་ལས་ཨང་ཀི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས།མུ་མཐུད་དུ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་།“གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་བྱས་ཏེ།ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་དགོས།གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་ཚད་ཆེ་རུ་གཏོང་བ་དང་།གསར་སྐྲུན་གྱི་སྐྱེ་ཁོམས་ཁོར་ཡུག་ལེགས་སྒྱུར་བྱེད་པ།གསར་སྐྲུན་གྱི་རྒྱུ་རྐྱེན་སྣ་ཚོགས་ཁེ་ལས་སུ་འདུ་བར་སྐུལ་འདེད་གཏོང་བ།གསར་སྐྲུན་གྱི་གསོན་ཤུགས་སློང་བ་བཅས་ཀྱིས།ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་གཏོང་དགོས།འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་ཨའོ་ཀང་མཚོ་ཁུག་ཁུལ་གྱི་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེ་རིགས་ལ་རང་འགུལ་གྱིས་འབྲེལ་མཐུད་བྱེད་པ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཞུགས་པ།ནུབ་རྒྱུད་ཀྱི་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པ་ཆུ་ཚད་མཐོ་བའི་སྒོ་ནས་མཉམ་སྐྲུན་བྱེད་པ།མཚོ་ཕྱོགས་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ། ཀྲུང་གོ—ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ། རང་དབང་ཉོ་ཚོང་གི་ཚོད་ལྟ་ཁུལ་ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ། ཁྱད་ལྡན་གོ་གནས་ཀྱི་ལེགས་ཆ་སྔར་ལས་ལེགས་པོའི་སྒོ་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་ལེགས་ཆ་རུ་བསྒྱུར་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་དགོངས་དོན་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་མྱུར་དུ་སྐུལ་འདེད་གཏོང་བ།ཞིང་སྡེའི་ཡོང་སྒོ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ནང་རྐྱེན་འཛུགས་པ།དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་བཅས་ཀྱིས།གཞན་ཡུལ་གནས་སྤོ་ཡི་རྗེས་མཐུད་རོགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས།ཀོང་ཞིའི་ནགས་དང་སིལ་ཏོག སྔོ་ཚོད།ཕྱུགས་ཟོག མངར་ཆ་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་རྐང་བཙུགས་ཏེ།ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ཚོགས་པ་སྐོར་ཞིག་འཛུགས་དགོས།འབྲུ་རིགས་བདེ་འཇགས་ཡོང་བའི་ཐད་ཏང་སྲིད་གཉིས་ཀྱིས་འགན་འཁྲི་མཉམ་འཁུར་བྱེད་པ་དང་།རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གིས་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཏིང་གནོན་བྱས་ཏེ།འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་བརླིང་ངང་ཇེ་མཐོར་གཏོང་དགོས།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཁྲུག་མུ་མཐུད་དུ་ལེགས་པོར་རྒྱག་པ་དང་།ཐཱན་རྩེ་འཛིན་དང་ཐཱན་སྙོམས་འཛིན་བྱེད་པ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་བཀོད་སྒྲིག་ནང་འཇོག་པ།ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱུས་གཏོང་བ་དེ་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལས་ཞུགས་དམིགས་སུ་འཛིན་པའི་འཐབ་ཇུས་དང་ཧུར་བརྩོན་གྱིས་ལས་ཞུགས་བྱེད་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་བུད་པའི་དམག་མི།ཞིང་པ་ཞོར་ལས་པ།མཁར་གྲོང་གི་དཀའ་ཁག་ཡོད་པའི་མི་སྣ་སོགས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་དགོས།ཐབས་ལམ་མང་པོ་ནས་ལས་ཞུགས་གང་ལ་གང་འཚམ་བྱེད་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལྗིད་ཐེག་རླངས་འཁོར་ཁ་ལོ་བ་དང་མྱུལ་སྐྱེལ་བ། ཕྱིར་ཚོང་སྡེབ་སྐྱེལ་པ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལེགས་པོ་བྱེད་དགོས།ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་།ཀུན་སྤྱོད་ཀྱིས་མི་སྐྱོང་བའི་རྩ་བའི་ལས་འགན་དངོས་འབེབས་བྱས་ཏེ།དྲ་ལམ་དང་དྲ་ལམ་མ་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ལ་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་དགོས།ནད་རིགས་སྔོན་འགོག་ཚོད་འཛིན་གྱི་མ་ལག་བཅོས་བསྒྱུར་བྱེད་པར་ཤུགས་སྣོན་པ་དང་།གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་ཇེ་དྲག་ཏུ་གཏོང་བ།སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་ཡོང་བའི་ནང་རྐྱེན་གསར་སྐྲུན་བྱེད་པ།གཞི་རིམ་གྱི་སྔོན་འགོག་དང་སྨན་བཅོས།ནད་གཡོག ཁམས་གསོ་ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོར་འདེགས་བྱས་ཏེ།རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྷོད་གཡེང་མེད་པར་དམ་འཛིན་བྱེད་དགོས།ཉེན་ཁ་དང་འགྲན་སློང་སྣ་ཚོགས་དོགས་ཟོན་ནན་མོ་བྱས་ནས།བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བ་ནུས་ལྡན་སྒོས་འཀག་སྡོམ་བྱེད་པ་དང་།རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་སྤེལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་ལེགས་པོར་སྒྲུབ་པ་དང་།རིགས་སོ་སོའི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་ལོ་རྒྱུས་ལྟ་བ།མི་རིགས་ལྟ་བ།རིག་གནས་ལྟ་བ།ཆོས་ལུགས་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་པ།རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིགས་གནས།ཀྲུང་གོ་གུང་ཁྲན་ཏང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་ཟིན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།རིགས་སོ་སོའི་མི་དམངས་སེ་འབྲུའི་ཚི་གུ་བཞིན་དུ་དམ་པོར་སྦྲེལ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།ཀོང་ཞི་རུ་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་གསར་བརྗེའི་ཐོན་ཁུངས་འདི་དག་ལེགས་པོར་སྤྱད་དེ།ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པ་བརྒྱུད་དེ་ཡིད་ཆེས་འཕེལ་བར་བྱེད་དགོས།ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ་ཡིད་ཆེས་འཕེལ་བ་ཞེས་པ་ནི་དད་མོས་དང་འདུ་ཤེས།ཡིད་ཆེས་བཅས་ཇེ་དྲག་ཏུ་གཏོང་བ་ལ་ཟེར།དེ་ནི་ང་ཚོ་དགྲ་བོ་ལས་རྣམ་པར་རྒྱལ་བ་དང་དཀའ་ངལ་ཡོངས་རྫོགས་ཁྱད་དུ་བསད་དེ།རྒྱལ་ཁ་ཡོངས་རྫོགས་མཐའ་གཅིག་ཏུ་ལེན་པའི་བསམ་བློའི་སྟོབས་ཤུགས་དྲག་པོ་ཡིན།མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་མོས་ཇེ་བརྟན་དུ་བཏང་ནས།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་དད་མོས་ཀྱི་སྟོབས་ཤུགས་རྟོགས་པར་ཁྲིད་སྟོན་བྱེད་པ་དང་།ནམ་ཡང་འདུ་ཤེས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་དཀའ་ཁག་ཆེན་པོ་དང་འགྲན་སློང་ཚ་དྲག་ལས་རྣམ་པར་རྒྱལ་དགོས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ངེས་འབྱུང་འབྲས་བུ་དང་།ཀྲུང་གོ་འཕེལ་རྒྱས་འབྱུང་བའི་ལྡོག་མེད་ཀྱི་བགྲོད་ལམ་ཡིན་ལ།ལག་ལེན་དང་ཞིབ་བཤེར་ལས་ཐོབ་པའི་ཚན་རིག་གི་བདེན་དོན་ཡང་ཡིན་པ་ཤེས་སུ་བཅུག་ནས།བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན།ལམ་ལུགས་རང་རྟོན།རིག་གནས་རང་སྟོན་བཅས་བརྟན་པོར་འཛུགས་དགོས།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ།ངེས་པར་དུ་རྒྱལ་ངེས་པའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་།རང་རེའི་ཏང་གིས་ངེས་པར་དུ་མཐུན་སྒྲིལ་ངང་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་ཡིད་ཆེས་བརྟན་པོ་ཡོད་དགོས་ལ།རང་རེའི་མི་རབས་འདི་དུས་རབས་གསར་པར་ངོ་གནོངས་མི་དགོས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཤིག་ཧུར་ཐག་གིས་བསྐྲུན་དགོས།དད་མོས་དང་འདུ་ཤེས་དང་ཡིད་ཆེས་བཅས་ནི་ཆེས་ལེགས་པའི་རུལ་འགོག་རྫས་ཡིན།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ནམ་ཡང་དམ་འཛིན་བྱས་ཏེ།རུལ་མི་ཕོད་པ་དང་།རུལ་མི་ཆོག་པ།རུལ་མི་འདོད་པ་བཅས་ལ་གཅིག་འགྲིལ་གྱིས་སྐུལ་འདེད་གཏོང་བ་དང་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་དང་བཅོས་སྐྱོང་གི་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས།

ཏིང་ཞུའེ་ཞང་དང་ལིའུ་ཧི།ཁྲེན་ཞི།ཧོ་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་རྟོག་ཞིབ་བྱེད་པར་ཕེབས་རོགས་གནང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།