ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁུའར་གྱིས་མཉམ་དུ་སྐབས་དྲུག་པའི་ཀྲུང་འཇར་སྲིད་གཞུང་གྲོས་མོལ་ལ་གཙོ་སྐྱོང་གནང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2021-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་འཐུས་མི་ཚོགས་ཁང་ཆེན་མོར་བརྙན་འཕྲིན་གྱི་ལམ་ནས་འཇར་མན་གྱི་ཙུང་ལི་མའོ་ཁུའར་དང་མཉམ་དུ་སྐབས་དྲུག་པའི་ཀྲུང་འཇར་སྲིད་གཞུང་གི་གྲོས་མོལ་ལ་གཙོ་སྐྱོང་གནང་། 

  ཟླ4པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་འཐུས་མི་ཚོགས་ཁང་ཆེན་མོར་བརྙན་འཕྲིན་གྱི་ལམ་ནས་འཇར་མན་གྱི་ཙུང་ལི་མའོ་ཁུའར་དང་མཉམ་དུ་སྐབས་དྲུག་པའི་ཀྲུང་འཇར་སྲིད་གཞུང་གྲོས་མོལ་ལ་གཙོ་སྐྱོང་གནང་། 

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་དཔལ་འབྱོར་ཚོང་དོན། ཁྲིམས་འཛིན། ནོར་སྲིད། བཟོ་ལས། འགྲིམ་འགྲུལ། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ཞིང་ལས། ཁོར་སྲུང་། སྤྱི་ཚོགས་འགན་སྲུང་སོགས་སྡེ་ཚན25ཡི་འགན་འཁུར་བའི་ལས་དོན་སྙན་ཞུར་གསན། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་འཇར་རྒྱལ་ཁབ་གཉིས་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས། མཉམ་ལས་གཉིས་ཁེ་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྩ་བའི་དགོངས་གཞི་ཡིན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཐད་ཀར་ཕན་ཐོགས་ཀྱིན་ཡོད། ཉེ་སྔོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མཁྱེན་ལྡན་མ་དང་བཀའ་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཀྲུང་འཇར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། རིམས་ནད་སྔར་ལྟར་མཆེད་བཞིན་ཡོད་ཅིང་སྲུང་སྐྱོང་རིང་ལུགས་མུ་མཐུད་དུ་གནས་ཡོད། རིམས་ནད་ཆེན་པོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་ལས་ཀྱི་འབོད་སྒྲ་ཤུགས་ཆེན་བཏོན་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་མངོན་པའི་རེ་སྐུལ་བྱས་ཡོད། ཀྲུང་གོས་འཇར་མན་དང་མཉམ་དུ་གྲོས་མོལ་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་ནན་འཛིན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ཏེ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྨང་གཞིའི་ཐོག་འབྲེལ་གཏུག་དང་འབྲེལ་འདྲིས་བྱས་ཏེ། ཡིད་ཆེས་ཆེར་གཏོང་དང་དོགས་གནད་སེལ་བ། འགལ་བ་ཇེ་ཆུང་དང་མཉམ་ལས་ནན་འཛིན་བྱས་ཚེ་གླེང་མོལ་མཉམ་ལས་སྔར་བས་བདེ་བླག་ངང་སྤེལ་རྒྱུར་མཐུན་རྐྱེན་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་ཁག་ཐེག་བྱེད་ཐུབ།

ལི་ཁེ་ཆང་གིས་བསྟན་དོན། མིག་སྔའི་གནས་བབ་འོག་ཀྲུང་གོ་དང་འཇར་མན་བར་རིམས་ནད་འགོག་སྲུང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། འགོག་སྨན་ལུགས་མཐུན་ངང་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ“རིམས་འགོག་སྨན་ཁབ་ཀྱི་མི་རིགས་རིང་ལུགས”ལ་ངོ་རྒོལ་བྱེད་དགོས། ཀྲུང་གོ་དང་འཇར་མན་གྱི“བདེ་མྱུར་བགྲོད་ལམ”གང་ལེགས་སྒོས་སྤྱད་དེ་ཕྱོགས་གཉིས་པོའི་དགོས་ངེས་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་དང་འཇར་མན་དང་ཡོ་རོབ་ཀྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ནང་ཞུགས་པའི་ལག་ལེན་དངོས་ཀྱིས་ཀྲུང་འཇར་རྒྱལ་ཁབ་གཉིས་པོས་སྒོ་མོ་དབྱེ་རྒྱུ་དང་འདྲ་མཉམ་གྱི་འགྲན་རྩོད་མཐའ་འཁྱོངས་བྱེད་པ་ར་སྤྲོད་བྱས་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་སྟེ་འཇར་མན་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། སྒོ་དབྱེ་མཁན་ཕྱོགས་གཉིས་ཡིན་དགོས་ལ། ཕན་ཚུན་ལ་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཁྲོད་རང་མོས་ཉོ་ཚོང་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་བར་གྱི་མ་འཇོག་གྲོས་ཆོད་ལ་སྔ་མོ་ནས་མིང་རྟགས་བཀོད་དེ་གོ་ཆོད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

མའོ་ཁུའར་གྱིས་བསྟན་དོན། སང་ལོ་ནི་འཇར་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བའི་ལོ་རེད། འཇར་མན་གྱིས་ཀྲུང་གོ་དང་ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི“བདེ་མྱུར་བགྲོད་ལམ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་སྣ་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་ཕན་ཚུན་ཁས་ལེན་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད། འཇར་མན་གྱིས་སྒོ་དབྱེ་མཉམ་ལས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད་ལ། གཏམ་གླེང་གྲོལ་མོལ་ཁྲོད་འགལ་ཆ་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་ཡང་འཛིན་གྱིན་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་དེ་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བར་གལ་འགངས་ཤིན་ཏུ་ཆེ་བ་དང་། ཕྱོགས་གཉིས་ཀྱིས་སྔ་མོ་ནས་ཐུན་མོང་གྲོས་མཐུན་བྱུང་ནས་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 

ཕྱོགས་གཉིས་ཀྱིས། ཀྲུང་འཇར་སྲིད་གཞུང་གི་གྲོས་མོལ་ལམ་སྲོལ་བཙུགས་ནས་ལོ10སོང་རིང་། ཀྲུང་འཇར་མཉམ་ལས་ལ“རིམ་འདས་སྒུལ་བྱེད་འཕྲུལ་འཁོར”ཀྱི་ནུས་པ་ཐོན་པར་སྐུལ་མ་བཏང་བ་དེ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཕྱོགས་གཉིས་པོས་རེས་སྐོར་གསར་པའི་ཀྲུང་འཇར་རིམ་མཐོའི་ནོར་སྲིད་དང་དངུལ་རྩའི་གླེང་མོལ་ཚོགས་རྒྱུ་དང་། འོས་འཚམ་གྱི་བྱེད་ཐབས་བརྒྱུད་ཀྲུང་འཇར་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུ་སྐབས་གསར་བ་ཚོགས་པར་མོས་མཐུན་བྱུང་། དཔལ་འབྱོར་ཚོང་དོན་དང་མ་འཇོག རླངས་འཁོར་བཟོ་སྐྲུན། མཐོ་རིམ་ཚན་རྩལ། ནུས་རྒྱུ་གསར་པ། གྲངས་གཞིའི་དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་ནས་སྔར་བས་ལེགས་པའི་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུར་མོས་མཐུན་བྱུང་། 

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལི“སྤྲིན་རིམ་མཆན་འགོད”མཛད་སྒོར་ཞུགས་པས། གནམ་གཤིས་འགྱུར་ལྡོག་དང་། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་བདེ་ཐང་། རྒྱལ་སྤྱིའི་འཕེལ་རྒྱས། འགྲིམ་འགྲུལ་སྐྱེལ་འདྲེན། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་བྱས། 

ཝང་དབྱི་དང་ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།