ཀྲུང་གོ་བོད་ཀྱི་དྲ་བ།

དྲ་རྒྱའི་ཕྱིར་འཚོང་གིས་ཞིང་སྡེའི་འཛད་སྤྱོད་རིམ་འཕར་ལ་རོགས་འདེགས་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་ཞིབ་འཇུག་ཁང་གིས་ཚེས27ཉིན་ཁྱབ་བསྒྲགས་བྱས་པའི་དྲ་རྒྱའི་ཕྱིར་འཚོང་གིས་ཞིང་སྡེའི་འཛད་སྤྱོད་ལ་སྐུལ་འདེད་བཏང་བའི་ཞིབ་འཇུག་སྙན་ཞུ་ལས་མངོན་པ་ལྟར་ན། ཞིང་སྡེའི་རྨང་གཞི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་སོང་བ་དང་བསྟུན། དྲ་རྒྱའི་ཕྱིར་འཚོང་གིས་ཞིང་སྡེ་ས་ཁུལ་གྱི་ཚོང་རྫས་དང་ཞབས་ཞུའི་མཁོ་འདོན་གྱི་སྒྲིག་གཞིར་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་། མགྱོགས་མྱུར་ངང་ཞིང་སྡེའི་འཛད་སྤྱོད་རིམ་འཕར་ལ་སྐུལ་འདེད་བཏང་ཡོད། 

སྙན་ཞུ་ལས་བསྟན་དོན། དྲ་རྒྱའི་ཕྱིར་འཚོང་གིས་དགོས་མཁོ་དང་འདོན་སྤྲོད་ཕྱོགས་གཉིས་ལ་ཤུགས་བཏོན་ནས་ཞིང་སྡེའི་འཛད་སྤྱོད་ལ་སྐུལ་འདེད་དང་། རྒྱལ་ནང་གི་ཚོང་ར་སྟོབས་ལྡན་དུ་གཏོང་བར་རོགས་འདེགས་བྱས། འདོན་སྤྲོད་ཕྱོགས་ནས་བལྟས་ན། ཞིང་སྡེའི་རྨང་གཞི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དང་རྣམ་པ་ཆེ་གྲས་ཀྱི་གློག་རྡུལ་ཚོང་དོན་གྱི་དམིགས་འབེན་ཚོང་རར་ཕྱོགས་པ་དང་བསྟུན་ནས། རྒྱ་ཆེའི་ཞིང་སྡེའི་ས་ཁུལ་གྱི་འཛད་སྤྱོད་མཁན་ལ་སྔར་བས་ཕུན་སུམ་ཚོགས་པ་དང་སྤུས་ཚད་མཐོ་བའི་འཛད་སྤྱོད་བདམས་གསེས་བསྐྱལ་ཡོང་། གཞི་གྲངས་ལས་མངོན་པ་ལྟར་ན། ཞིང་སྡེའི་སྡོད་དམངས་ཀྱི་འཛད་སྤྱོད་སྒྲིག་གཞི་ཁྲོད། ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་སོགས་རིམ་འཕར་འཛད་སྤྱོད་མགྱོགས་མྱུར་ངང་འཕར་བའི་ཁ་ཕྱོགས་མངོན་ཡོད། 

དགོས་མཁོའི་ཕྱོགས་ནས་བལྟས་ན། དྲ་རྒྱའི་ཕྱིར་འཚོང་གིས་ཞིང་ལས་ཐོན་རྫས་ཀྱི་ཕྱིར་འཚོང་རྒྱ་བསྐྱེད་དེ་ཡོང་སྒོ་འཕར་བསྣོན་ལ་རོགས་རམ་དང་། ཞིང་བའི་འཛད་སྤྱོད་ནུས་ཤུགས་མཐོར་འདེགས་སུ་བཏང་། རྟོག་ཞིབ་གཞི་གྲངས་ལས་མངོན་པ་ལྟར་ན། ཞིང་སྡེའི་སྡོད་དམངས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་ལས་གཉེར་ཡོང་སྒོ་སྒོར་ཁྲི1རེ་འཕར་བསྣོན་བྱུང་ན། འཛད་སྤྱོད་འགྲོ་གྲོན་སྒོར་ཧ་ལམ་སྒོར3500འཕར་བསྣོན་འབྱུང་བར་སྣེ་ཁྲིད་བྱེད་ཐུབ། དེ་ལས་གཞན། དྲ་རྒྱའི་ཕྱིར་འཚོང་གིས་ཞིང་སྡེ་ས་ཁུལ་གྱི་ཐོན་སྐྱེད་ཚོང་གཉེར་རྣམ་པར་འགྱུར་ལྡོག་བཏང་བ་དང་། གྲངས་འཛིན་ཅན་གྱི་ཞབས་ཞུ་སྟེགས་བུ་གསར་སྐྲུན་བྱེད་པ་བརྒྱུད། ཞིང་སྡེའི་ཚོང་ཁང་ཆུང་བ་སོགས་ལས་གཉེར་ཆུང་བར་ནུས་ཤུགས་བསྩལ་ཅིང་། དྲ་ཐོག་ནས་དངོས་པོ་ལེན་པ་དང་གློག་རྡུལ་ཅན་གྱི་རྩིས་ཐོ་འགོད་པ། “དྲ་ཐོག་དང་ཡུལ་དངོས”ཀྱི་ཕྱིར་འཚོང་དང་དངོས་ཟོག་སྐྱེལ་འདྲེན་ཆུང་བ་སོགས་ཀྱི་རྣམ་པས། ཞིང་སྡེའི་ཚོང་ཁང་ཆུང་བའི་དཔལ་འབྱོར་གྲངས་འཛིན་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།