ཀྲུང་གོ་བོད་ཀྱི་དྲ་བ།

“ཀྲུང་གོའི་ནུབ་རྒྱུད་པར་རིས་འགྲེམས་སྟོན”དེ་ཧན་གོ་ནས་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། “བཀྲག་མདངས་ཀྱི་ཀྲུང་གོ མཛེས་ཉམས་ཀྱི་ནུབ་རྒྱུད་དེ་ཀྲུང་གོའི་ནུབ་རྒྱུད་པར་རིས་འགྲེམས་སྟོན”དེ་ཧན་གོ་རྒྱལ་ཁབ་ཀྱི་རྒྱལ་ས་ཧྲོའུ་ཨར་ནས་མགོ་བརྩམས། འགྲེམས་སྟོན་ཡུལ་དངོས་སུ། པར་རིས60ལྷག་གིས་ལྟད་མོ་བར་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་རང་བྱུང་ཡུལ་ལྗོངས་དང་སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་འཕེལ་རྒྱས། མི་རིགས་རིག་གནས། མི་དམངས་འཚོ་བ་སོགས་འགྲེམ་སྟོན་བྱས་ཡོད། ཐེངས་འདིའི་འགྲེམས་སྟོན་དེ་ཟླ7པའི་བར་དུ་སྤེལ་རྒྱུ་ཡིན་པ་མ་ཟད་ཧན་གོ་རྒྱལ་ཁབ་ཀྱི་ས་ཁུལ་མང་པོར་བསྐོར་སྐྱོད་འགྲེམ་སྟོན་བྱ་རྒྱུ་རེད།

ཧན་གོ་རྒྱལ་ཁབ་ཀྱི་ཙུང་ལི་ཟུར་པ་ལིས་ཧྲོའུ་ཁྲིན་གྱིས་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད་གནང་ནས་བསྟན་དོན། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་ཡིན་ལ། ཐེངས་འདིའི་པར་རིས་འགྲེམས་སྟོན་གྱིས་ཧན་གོའི་མང་ཚོགས་ལ་བཀྲག་མདངས་ཀྱི་ཀྲུང་གོར་རོལ་མྱོང་བྱེད་དུ་བཅུག་པ་མ་ཟད། ནུབ་རྒྱུད་ཀྱི་མཛེས་ཉམས་ལ་རྒྱུས་ལོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་ལ། འདི་ནི་ཕྱོགས་གཉིས་ཀྱི་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཟམ་པ་ལྟ་བུ་ཡིན་ཟེར། ཧན་གོ་དང་ཀྲུང་གོའི་གྲོང་ཁྱེར་མཛའ་བརྩེའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོན་ཆི་ཀྲི་ཡིས་གསར་འགོད་པར་བཤད་རྒྱུར། ཀྲུང་གོས་ཧུར་བརྩོན་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་བཏང་བས་ནུབ་རྒྱུད་དཔལ་འབྱོར་ལ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་ཕྱིན་ཡོད། ད་ལོ་ནི་ཀྲུང་ཧན་རིག་གནས་བརྗེ་རེས་ལོའི་མགོ་རྩོམ་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་གོ་སྐབས་འདི་བེད་སྤྱད་དེ་ཁྱབ་ཁོངས་སོ་སོའི་མཉམ་ལས་བརྗེ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རེ་བ་ཡོད་ཟེར།

ཧན་གོར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་པ་ཆེན་མོ་ཞིན་ཧའེ་མིན་གྱིས་བསྟན་དོན། ཐེངས་འདིའི་པར་རིས་འགྲེམས་སྟོན་གྱིས་གསོན་ཉམས་ལྡན་པའི་པར་རིས་རེ་རེར་བརྟེན་ནས་ཧན་གོའི་གྲོགས་པོ་རྣམས་ལ་དོན་དངོས་དང་མངོན་སུམ་གྱི་ཀྲུང་གོའི་ནུབ་རྒྱུད་འགྲེམས་སྟོན་བྱས་ཡོད། དོན་དངོས་དང་གནས་ཚུལ་ངོ་མའི་མདུན་དུ། རྫུན་གཏམ་དང་འཆལ་གཏམ་སྣ་ཚོགས་ནི་རང་བཞིན་གྱིས་ཡལ་འགྲོ རིམས་ནད་རྗེས་སུ། ཧན་གོ་ཚུད་པའི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་ཀྲུང་གོའི་ནུབ་རྒྱུད་དུ་སོང་ནས་དངོས་སུ་ཀྲུང་གོའི་ནུབ་རྒྱུད་ཀྱི་མཛེས་ཉམས་ལ་རོལ་མྱོང་བྱེད་པར་དགའ་བསུ་ཞུ་ལ། ཧན་གོའི་ཁེ་ལས་ཀྱིས་ཀྲུང་གོའི་ནུབ་རྒྱུད་དུ་དངུལ་གཏོང་ལས་སྤེལ་གྱིས་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།