ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་ངོ50འཁོར་བར་དྲན་གསོ་ཞུ་བའི་བྱ་འགུལ་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ4པའི་ཚེས24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་ངོ50འཁོར་བར་དྲན་གསོ་ཞུ་བའི་བྱ་འགུལ་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་ངོ50འཁོར་བར་དྲན་གསོ་ཞུ་བའི་བྱ་འགུལ་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་བསྟན་དོན། “ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ནི་ཀྲུང་གོ་དང་ཨ་མེ་རི་ཁ་བར་གྱི་འབྲེལ་བའི་ལོ་རྒྱུས་ཁྲོད་ཆེས་གླེང་རིན་ཡོད་པ་ཞིག་ཡིན། “སྤོ་ལོ་ཆུང་ཆུང་ཞིག་གིས་སྤོ་ལོ་ཆེན་པོར་སྐུལ་འདེད་གཏོང་བ”དེས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་གཏན་ཅན་དུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རིམ་ཞིག་བཏོད་པ་རེད། ལོ་ངོ50ཡི་རིང་ཀྲུང་ཨའི་འབྲེལ་བ་ནི་ཅུང་ཀྱག་ཀྱོག་ཞིག་ཡིན་ནའང་སྤྱིའི་ཆ་ནས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་བཞིན་མཆིས་ཤིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཏུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཕན་ཐོབ་པ་མ་ཟད། འཛམ་གླིང་དར་རྒྱས་དང་བརྟན་བརླིང་ལ་སྐུལ་འདེད་ཀྱི་ནུས་པའང་ཐོན་ཡོད།

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་ཨའི་འབྲེལ་བ་དེ་གནད་འགག་གི་དུས་ལ་སླེབས་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཀྱི་སྔོན་མ་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་འཆམ་མཐུན་བྱུང་ན་གཉིས་ཀར་ཕན་པ་དང་ཕན་ཚུན་འཐབ་ན་གཉིས་ཀ་ཕུང་བའི་རྒྱུ་རུ་འགྱུར་ངེས་ལ། མཉམ་ལས་བྱ་རྒྱུ་ནི་ཕྱོགས་གཉིས་ཀའི་ཡང་དག་པའི་གདམ་ག་འབའ་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ལོ་གསར་གནམ་གང་གི་ཁ་པར་གཏོང་བའི་སྙིང་སྟོབས་ལ་གཞིགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འཚོ་བ་ནས་མགོ་ཚུགས་ཏེ། ལོ་རྒྱུས་ཁྲོད་ནས་སྒུལ་ཤུགས་བསྡུ་ལེན་དང་མཉམ་ལས་ལ་དམིགས་པ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པ། ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་པ་ལས་རྣམ་པར་རྒྱལ་བར་བརྩོན་ལེན་དང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད། འཛམ་གླིང་ལ་ཞི་བདེ་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱེད་པར་ལེགས་སྐྱེས་གལ་ཆེན་འབུལ་དགོས།

ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། ཀྲུང་གོ་ཨ་རིའི་མི་དམངས་མཛའ་གྲོགས་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེ་སོགས་ཀྱིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ་མ་ཟད། ཀྲུང་གོ་དང་ཨ་རིའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བྱ་བའི་མྱོང་རོལ་པ་མི400ལྷག་དྲ་ལམ་དང་ཡུལ་དངོས་ནས་དྲན་གསོའི་བྱ་འགུལ་ནང་ཞུགས་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།