རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་བརྒྱད་པ་པེ་ཅིང་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་བརྒྱད་པ་ཚེས་ཉེར་གསུམ་ཉིན་པེ་ཅིང་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་བསྟན་དོན། ཞང་ཀང་དང་ཨོ་མིན་གྱི་ན་ཆུང་བྱིས་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བར་ཤུགས་སྣོན་པ་དེ་ཞང་ཀང་དང་ཨོ་མིན་གྱི་ཡུན་སྐྱོང་བདེ་འགོད་ལ་འབྲེལ་བ་ཡོད་པ་དང་། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་བྱ་བ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མིན་གྱི་ན་ཆུང་བྱིས་པར་རྒྱལ་གཅེས་རིང་ལུགས་སློབ་གསོ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བ་དང་རྒྱལ་གཅེས་མཁན་གྱིས་ཨོ་མིན་སྐྱོང་བའི་རྩ་དོན་དངོས་འབེབས་གང་ལེགས་བྱེད་དགོས་ལ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་གནད་འགག་རྒྱུ་རྐྱེན་དམ་འཛིན་དང་གནད་ཁེལ་ཇུས་བསྟར་ལ་ཡིད་འཇོག་བྱེད་པ་དང་། འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པར་མ་ཟད། ཕྱོགས་སོ་སོ་སོའི་སྟོབས་ཤུགས་སྐུལ་ཏེ་ཞང་ཀང་དང་ཨོ་མིན་གྱི་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སེམས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་བྱས་ནས། རྒྱལ་གཅེས་དང་ཀང་གཅེས། ཨོ་གཅེས་བཅས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་དུ་འཇུག་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཨུ་ཡོན་དང་ཆེད་དུ་གདན་ཞུ་བྱས་པའི་འཐུས་མི་བཅུ་ཡིས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ཏེ་སྣ་མི་འདྲ་བའི་སྒོ་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱད་ཅུ་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་འཁྲི་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་བཀོད། ཨུ་ཡོན་རྣམས་ཀྱིས་བལྟས་ན། རྒྱལ་གཅེས་རིང་ལུགས་སློབ་གསོ་ཡིས་ན་ཆུང་བྱིས་པ་འཚར་ལོངས་འབྱུང་བའི་ཁྲོད་དུ་རྨང་གཞི་རང་བཞིན་གྱི་གོ་གནས་ཟིན་ཡོད་པས། ཞང་ཀང་དང་ཨོ་མིན་ས་ཁུལ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པ་དང་ཁ་ཚ་དགོས་གཏུག་ཆེ་བའི་བྱ་བ་ཞིག་ཡིན་པར་སྙམ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་གྱིས་བརྗོད་དོན་གཏམ་བཤད་སྤེལ་བ་དང་། སློབ་གསོ་པུའུ་ཡི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་། ཨོ་མིན་དུ་ཡོད་པའི་ཀྲུང་གོའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་འགན་འཁུར་བས་གྲོས་མོལ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།