ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཧེ་ནན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པ་དང་། ཐུན་མོང་གིས་གླེང་སྟེགས་ལས་འཛིན་དང་འཐབ་ཇུས་མཉམ་ལས་གྲོགས་པོར་མཇལ་འཕྲད་གནང་བར་མ་ཟད་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་བྱས།

མཛད་སྒོའི་སྟེང་། ཝང་ཆི་ཧྲན་གྱིས་གླེང་སྟེགས་བཙུགས་ནས་ལོ་ཉི་ཤུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་མཛད་སྒོའི་སྟེང་བརྙན་རིས་ཀྱི་ལམ་ནས་གསུང་བཤད་གལ་ཆེན་གནང་སྟེ། ཨེ་ཤ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀྲུང་གོའི་ལངས་ཕྱོགས་རྒྱས་བཤད་བྱས་པ་དང་ཀྲུང་གོའི་ཇུས་གཞི་ལོངས་སུ་སྤྱོད་པར་བྱས་ཤིང་། ཀྲུང་གོ་སྲིད་གཞུང་གིས་གླེང་སྟེགས་དར་རྒྱས་གོང་འཕེལ་དུ་འགྲོ་བར་ནམ་ཡང་རྒྱབ་སྐྱོར་བྱེད་པ་མཚོན་པར་བྱས་ཟེར།

ཐུན་མོང་གིས་གླེང་སྟེགས་ལས་འཛིན་དང་འཐབ་ཇུས་མཉམ་ལས་གྲོགས་པོར་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ལོ་ཉི་ཤུའི་རིང་ལ། གླེང་སྟེགས་ཀྱིས་ཨེ་ཤ་ཡའི་འཕེལ་རྒྱས་དང་དེ་མིན་ཨེ་ཤ་ཡ་དང་འཛམ་གླིང་གི་བརྗེ་རེས་ཐད་ལ་ནུས་པ་ཆེན་པོ་བཏོན། དེང་སྐབས་འཛམ་གླིང་གི་མདུན་དུ་རྙོག་འཛིང་དང་འགྱུར་ལྡོག་གསར་བ་གནས་ཡོད་པས། ཕྱོགས་སོ་སོས་བརྗེ་རེས་ལ་ཤུགས་སྣོན་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་། མཉམ་ལས་དང་ཁ་གཏད་འཇལ་དགོས་ལ། དེས་གླེང་སྟེགས་འཕེལ་རྒྱས་ཐད་ལ་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་གསར་སྐྲུན་བྱས་ཟེར།

རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་བྱེད་སྐབས། ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་མང་ཚོགས་ཀྱི་མཛེས་པའི་འཚོ་བའི་རེ་སྒུག་སྐོང་རྒྱུ་དེ་འབད་འཐབ་དམིགས་འབེན་དུ་འཛིན་ངེས་ཡིན། ལོ་ཉི་ཤུའི་རིང་པའོ་ཨོ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཕྱི་དངུལ་གཏོང་བའི་ཁེ་ལས་དེ་ཀྲུང་གོ་ནས་འཕེལ་རྒྱས་བྱུང་བ་དེ་ཚང་མ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྔར་ལས་འཐུས་ཚང་དུ་གྱུར་བའི་མཚོན་རྟགས་ཡིན། སྲིད་གཞུང་དང་སྤྱི་ཚོགས། ཁེ་ལས། ལས་རིགས་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པར་གོ་བ་ཟབ་མོ་བླངས་ཏེ། ཕུགས་འདུན་རྒྱུན་འཁྱོངས་དང་ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་པ་དང་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།