ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཏིས་ཡ་སི་ཁ་ནེ་ཨར་ལ་གློག་འཕྲིན་བཏང་ནས་ཁོ་རང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོར་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏིས་ཡ་སི་ཁ་ནེ་ཨར་ལ་གློག་འཕྲིན་བཏང་ནས་ཁོ་རང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོར་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཁྱེད་རང་ཁུ་པ་གུང་ཁྲན་ཏང་གི་ཐེངས་བརྒྱད་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྟེང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོར་བདམས་པ་དང་། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱེད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ཁྱོད་དང་ཁྱོད་བརྒྱུད་ནས་ཁུ་པ་གུང་ཁྲན་ཏང་གི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་ཡིན།

ཁུ་པ་གུང་ཁྲན་ཏང་གི་ཐེངས་བརྒྱད་པའི་ཚོགས་ཆེན་སྟེང་ཁུ་པའི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ལ་འཆར་འགོད་ཞིབ་མོ་བཟོས། ཁྱོད་རང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོར་བདམས་པ་ལས་ཁུ་པ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་དང་ཁུ་པ་མི་དམངས་ཀྱིས་ཁྱོད་ལ་ཡིད་ཆེས་དང་རེ་སྒུག་བྱས་ཡོད་པ་མཚོན་པར་བྱས་ཡོད། ཁྱོད་ཀྱི་མགོ་ཁྲིད་འོག ཁུ་པ་ཏང་དང་སྲིད་གཞུང་གིས་ཁུ་པ་མི་དམངས་ལ་མགོ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་གསར་གཏོད་བརྩོན་ལེན་བྱས་ནས། ཁུ་པའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད།

ཉེ་བའི་ལོ་འགའི་རིང་ལ། ངེད་གཉིས་ཀྱིས་དུས་སྐབས་གསར་བའི་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། གནས་བབ་གསར་བའི་འོག་ཏུ་ངས་ཁྱོད་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་ཞིང་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱེད་པ་དང་། བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ཅིང་ལག་རྡང་སྦྲེལ་ཏེ་ཀྲུང་གོ་དང་ཁུ་པའི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།