ཞི་ཅིན་ཕིང་དང་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གིས་ཁ་པར་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ལ་རིམས་ནད་ཀྱི་གནས་བབ་འོག་འཕར་སྣོན་བྱུང་སྟེ། བབ་བསྟུན་གྱི་ནུས་པ་དང་སྦས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བ་བཏོད་ཡོད་ལ། ཧིན་རྡུ་ཉི་ཞི་ཡཱ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཀྱི་ལོ་བརྒྱའི་དམིགས་འབེན་མངོན་འགྱུར་བྱེད་པར་ཕྱོགས་བཞིན་ཡོད་པས། རྒྱལ་ཁབ་གཉིས་བར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡཱས་སྤུས་ལེགས་ཐོན་རྫས་ཀྱི་ཀྲུང་གོའི་ཕྱིར་གཏོང་རྒྱ་བསྐྱེད་པར་དགའ་བསུ་ཞུ་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡཱའི་དངུལ་གཏོང་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནུས་ལྡན་གྱིས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ས་ཁོངས་ཀྱི་ཉོ་ཚོང་རང་དབང་ཅན་དང་དཔལ་འབྱོར་གཞི་གཅིག་ཅན་གྱི་ཆུ་ཚད་ལ་ཡར་སྐུལ་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མདུན་ནས། ཀྲུང་གོའི་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡཱའི་བར་གྱི་འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། འཐབ་ཇུས་ཐུན་མོང་ལྟ་ཚུལ་ཇེ་དྲག་ཏུ་གཏོང་བ། འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་བྱེད་པ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་བཅོས་སྐྱོང་ལ་ཡར་སྐུལ་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ཙོ་ཁི་ཡིས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པ་དང་། ཁྱད་པར་དུ་དབུལ་ཐར་མཁྲེགས་གཏོར་དང་དཔལ་འབྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་མ་ཟད། ཧིན་རྡུ་ཉི་ཞི་ཡཱ་དང་བཅས་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་ཐུབ་ཟེར།  ཙོ་ཁི་ཡིས་ཀྲུང་གོའི་ཕྱོགས་ཀྱིས་དཀའ་ཁག་ཁྱད་བསལ་བྱས་ཏེ་ཧིན་རྡུ་ཉི་ཞི་ཡཱའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་ཀྲུང་གོའི་ཕྱོགས་བར་གྱི་འགོག་སྨན་ཐོན་སྐྱེད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།