ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་གིས་སོ་སོར་ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་དགུ་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་དགུ་བ་དྲ་ཐོག་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིན་གྱིས་སོ་སོར་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། 

ཞི་ཅིན་ཕིང་གིས་འཕྲིན་ཡིག་ལས་གྲོས་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོང་གིས་གསུང་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་དང་། ཀྲུང་གོའི་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སིའི་ཏང་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཀྲུང་གོ་དང་ཨུ་རུ་སི་ཡིས་དུས་རབས་ཀྱི་མཛའ་མཐུན་འདུ་ཤེས་དར་སྤེལ་དང་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་ལྟར། འཐབ་ཇུས་རོགས་ལས་དམ་ཟབ་ཏུ་སྤེལ་བས། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་མིག་དཔེ་ལྟ་བུར་གྱུར་ཡོད། ཏང་ཁག་གཉིས་ཀྱིས་དུས་ཡུན་རིང་བོར་རྐྱེན་སྲོལ་ཅན་གྱི་འགྲོ་འོང་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་སྔར་ལས་སྲ་བརྟན་དུ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཡར་སྐུལ་བཏང་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་ཏང་ཁག་གཉིས་ཀྱི་འཐུས་མིས་གཏིང་ཟབ་ཏུ་བརྗེ་རེས་དང་ཐུན་མོང་ལྟ་ཚུལ་གཅིག་བསྡུ་བྱེད་པ་དང་། ཏང་ཁག་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ལེའུ་གསར་བ་བསྐྲུན་དགོས་ལ། དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། སྔར་ལས་དྲང་བདེན་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཏང་གི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་གསུངས། 

ཕུའུ་ཅིན་གྱིས་རྟེན་འབྲེལ་འཕྲིན་ཡིག་ལས་བསྟན་དོན། གཅིག་གྱུར་ཨུ་རུ་སིའི་ཏང་དང་ཀྲུང་གོའི་གུང་ཁྲན་ཏང་ནི་སོ་སོར་ཨུ་རུ་སི་དང་ཀྲུང་གོའི་ཆབ་སྲིད་སྟོབས་ཤུགས་གཙོ་བོ་ཡིན་པའི་ཆ་ནས། ད་ལོར་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བ་དང་གཅིག་གྱུར་ཨུ་རུ་སིའི་ཏང་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ཏང་གི་རྗེས་དྲན་རང་བཞིན་གྱི་དུས་སྟོན་གལ་ཆེན་བསུ་དགོས། ཏང་ཁག་གཉིས་ཀྱི་གྲོས་མོལ་ནི་ནམ་རྒྱུན་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་འཐུས་མིས་འཛུགས་སྐྲུན་རང་བཞིན་དང་ཕན་འབྲས་ལྡན་པའི་བྱ་བ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།