ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉི་ཤུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་མོ་ཞི་ཁོ་གྲོས་ཁང་གི་གྲོས་དཔོན་ལཱ་མིས་ལེ་སི་དང་གྲོས་མོལ་བྱས།
ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་མོ་ཞི་ཁོ་ནི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལོ་ཕེ་སི་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བར་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་རྣམ་པ་ཅུང་བཟང་ལ། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་ཕན་ཚུན་མཐུན་སྦྱོར་སྲུང་འཛིན་བྱས་ཏེ་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པ་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མོ་ཞི་ཁོ་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་མོ་ཞི་ཁོའི་ཡུན་རིང་གི་མཛའ་མཐུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་འགྱུར་མི་སྲིད་པ་དང་། མོ་ཞི་ཁོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་རོགས་སྐྱོར་བྱེད་པའི་ལངས་ཕྱོགས་འགྱུར་མི་སྲིད། སང་ལོ་ནི་ཀྲུང་གོ་དང་མོ་ཞི་ཁོ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་ཞོ་ཁོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་འདུ་ཤེས་དོན་འཁྱོལ་བྱེད་པར་ཧུར་ཐག་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་མོ་ཞི་ཁོའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་འབྲེལ་བ་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་མོ་ཞི་ཁོ་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་པས། ཕན་ཚུན་ལ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཡོད། ཕྱོགས་གཉིས་ཀྱིས་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་སྲུང་འཛིན་དང་ཤུགས་སྣོན་དགོས་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་སྟེང་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་རྣམ་པ་བཟང་བོ་མངོན་ཡོད། འགོག་སྨན་མཉམ་ལས་དེ་ཀྲུང་གོ་དང་མོ་ཞི་ཁོའི་རིམས་འགོག་མཉམ་ལས་ཀྱི་ཕྱོགས་གཙོ་བོ་གྱུར་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཀྱི་དཔེ་སྟོན་མཉམ་དུ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཁྲོད་ཞུགས་པར་དགའ་བསུ་ཞུ་བ་ཡིན་ཟེར།
ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་སྡེ་ཁག་གི་བརྗེ་རེས་ནི་ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མོ་ཞི་ཁོ་གྲོས་ཁང་བར་གྱི་བརྗ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་འདུ་ཤེས་གལ་ཆེན་དང་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལཱ་མིས་ལེ་སི་ཡིས་བཤད་རྒྱུར། མོ་ཞི་ཁོ་ཕྱོགས་ཀྱིས་མོ་ཞི་ཁོ་དང་ཀྲུང་གོ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩི་བཞིན་ཡོད། མོ་ཞི་ཁོ་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་དམངས་བར་གྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ལིས་ཀྲན་ཧྲུའུ་ཡིས་མོ་ཞི་ཁོ་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་བྱས།