ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་རྩ་བའི་གཞི་འཛིན་ས།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་ལོ་ཡིན་པས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཅིག་བསྡུས་ངང་སྤེལ་རྒྱུ་ཐག་བཅད། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་དྲི་བ་དྲིས་ལན》ཞེས་པ་ནི་སློབ་སྦྱོང་གི་གཏན་འཁེལ་བསླབ་གཞི་ཡིན་པའི་ཆ་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ནས། ཇི་ལྟར་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་རྟོགས་དང་ཁོང་དུ་ཆུད་པའི་སྐོར་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ཡོད། དེབ་ཧྲིལ་བོར་ཡི་གེ་དང་དཔེ་རིས་མཉམ་འཛོམས་དང་རྣམ་པ་གསར་པའི་ལམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་ལ་འགྲེལ་བཤད་ཟབ་མོ་གནང་ཡོད་པ་དང་། ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོ་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་ཡོད་པས། དེ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དེའི་དགོངས་དོན་རྟོགས་པ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་བསླབ་གཞི་ཡག་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་ཏང་ཡོངས་ཀྱིས་གཅིག་བསྡུས་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཡག་པོ་སྤེལ་བར་ཁ་ཕྱོགས་གསལ་པོ་བསྟན་པ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་དོན་ཅི།

ལོ་རྒྱུས་ལ་སློབ་སྦྱོང་བྱས་ན་རྒྱལ་ཕམ་ཤེས་པ་དང་ཐོབ་ཤོར་དབྱེ་འབྱེད། དར་རྒུད་ཤེས་རྟོགས་བཅས་བྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་ནི་སློབ་དེབ་ཆེས་ལེགས་ཤོས་ཡིན”ཞིང་།“ལོ་རྒྱུས་ནི་དགེ་རྒན་ཆེས་ལེགས་པོ་ཡིན”ལ།“ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ནི་རྒྱགས་ཕྱེ་ཆེས་བཟང་པོ་ཡིན”ཞེས་བསྟན་ཡོད། ལོ་རྒྱུས་ནི་ཁ་སང་ནས་དེ་རིང་བར་བརྒྱུད་པ་དང་། མ་འོངས་པ་ནི་དེ་རིང་ནས་སང་ཉིན་གྱི་ཕྱོགས་སུ་བསྐྱོད་པ་ཡིན་པས། འདས་པ་དང་ད་ལྟ། མ་འོངས་པ་བཅས་ནི་ཕན་ཚུན་འབྲེལ་ནས་ཡོད། སྔར་སོང་ལ་རྒྱུས་ལོན་ཟབ་མོ་བྱས་ན་ད་ལྟའི་གནས་ཚུལ་ལ་གཞི་ནས་ངོས་འཛིན་ཡང་དག་བྱེད་ཐུབ་པ་དང་། ད་ལྟ་ལ་ཤེས་རྟོགས་ཡང་དག་བྱས་ན་ད་གཟོད་ཚན་རིག་དང་མཐུན་པར་འབྱུང་འགྱུར་ལ་ངོས་འཛིན་བྱེད་ཐུབ། ལོ་རྒྱུས་ལ་མཐོང་ཆེན་དང་ལོ་རྒྱུས་ལ་སློབ་སྦྱོང་། ལོ་རྒྱུས་ལ་ཞིབ་འཇུག ལོ་རྒྱུས་དཔྱད་གཞིར་འཛིན་པ་བཅས་བྱས་ན་ཏང་ཡོན་དང་ལས་བྱེད་པས་འདས་ཟིན་པར་ཤེས་རྟོགས་དང་། དེང་སྐབས་ཁོང་དུ་ཆུད་པ། འབྱུང་འགྱུར་གསར་གཏོད་བཅས་བྱེད་པར་བློ་གྲོས་འདོན་ཐུབ།

མི་ལ་སྙིང་སྟོབས་མེད་ན་རྐང་ཚུགས་མི་ཐུབ་ལ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་ཆེན་དུ་འགྱུར་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བརྩེ་ཟབ་མོའི་ངང་ནས་གསུང་རྒྱུར། “ཞི་པའེ་ཕོ་ལ་ང་རང་ཐེངས་མང་པོར་ཡོང་མྱོང་། ཡོངས་ཐེངས་རེར་ཡིད་སྨོན་དང་གུས་སེམས་བཅངས་ཤིང་། བསམ་གཞིག་མང་པོ་ཁྱེར་ནས་ཕྱིར་ལོག་པ་ཡིན།” “ཅིན་ཀང་རི་བོ་དང་ཡན་ཨན། ཞི་པའེ་ཕོ་སོགས་གསར་བརྗེའི་གནས་མཆོག་ལ་སླེབས་ཐེངས་རེ་རེ་ནི་སྙིང་སྟོབས་དང་བསམ་བློའི་སྦྱོང་བརྡར་ཐེངས་ཤིག་ཡིན།” ཏང་གི་ལོ་རྒྱུས་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཚུན་གྱི་ལོ་རྒྱུས་ཀྱི་དགའ་སྐྱོ་གཉིས་ལྡན་གྱི་ལེའུ་ཞིག་དང་། ཕུགས་བསམ་དང་དད་སེམས་ཀྱི་གསོན་ཉམས་དོད་པའི་བསླབ་གཞི་ཞིག་ཡིན། ཏང་གི་ལོ་རྒྱུས་ལས་གྲུབ་པའི་དགོངས་དོན་མ་ལག་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན། ཏང་ཡོན་དང་ལས་བྱེད་པས་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པའི་ལོ་རྒྱུས་རླབས་ཆེན་ལ་བསྐྱར་དྲན་བྱས་ན། སེམས་སུ་དྲང་ནུས་མང་པོ་ཞིག་བརྒྱུད་སྤྲོད་བྱེད་སྲིད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་དང་ཤེས་རྟོགས་ཡག་པོ་བྱས་ཏེ། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་གསར་གཏོད་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་བརྟན་སྲུང་བྱས་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པ”དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོ་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་སློབ་ཚན་ཞིག་ཡིན་པས། སློབ་ཚན་དེ་ངེས་པར་དུ་སྦྱང་དགོས་པར་མ་ཟད་ལེགས་པོར་སྦྱང་དགོས། ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་དང་། རང་རེའི་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་རེ་རེར་བསགས་པའི་ཉམས་མྱོང་རྩ་ཆེན་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ན། བསམ་བློའི་བློ་སྒོ་འབྱེད་ཐུབ་པར་མ་ཟད། བློ་གྲོས་འཕེལ་ཐུབ་པ་དང་། བྱ་བའི་འཇོན་ཐང་ཆེ་རུ་གཏོང་ཐུབ། སྲ་ཞིང་བརྟན་པོའི་ལོ་རྒྱུས་ཀྱི་རྨང་གཞིའི་སྟེང་སྔར་ལས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཐམས་ཅད་མདུན་དུ་བསྐྱོད་ཀྱང་བརྒྱུད་མྱོང་བའི་ལམ་བུ་བརྗེད་མི་རུང་། རྒྱང་རིང་ཞིང་འོད་སྟོང་འབར་བའི་མ་འོངས་པར་སླེབས་ནའང་བརྒྱུད་མྱོང་བའི་འདས་ཟིན་པ་བརྗེད་མི་རུང་ལ། ཅི་ཞིག་གི་ཆེད་དུ་མགོ་བརྩམས་པའང་བརྗེད་མི་རུང་།” ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེན་ཡིན། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དམིགས་འབེན་དང་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་གང་ལས་ཀྱང་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་ཡོད། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཅིག་བསྡུས་ངང་སྤེལ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པར་མ་ཟད། དད་སེམས་ཇེ་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱའང་ཡིན།

ཏང་གི་ལོ་རྒྱུས་ཁྲོད་ནས་ཅི་ཞིག་སློབ་སྦྱོང་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རེའི་ཏང་གི་ལོ་བརྒྱ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱ་རྒྱུའི་དམ་བཅའ་བཞག་པའི་ལོ་བརྒྱ་དང་། དཀའ་སྤྱད་ལས་སྒྲུབ་ཀྱི་རྨང་གཞི་འདིང་བའི་ལོ་བརྒྱ། འོད་སྟོང་འཕྲོ་བའི་འབྱུང་འགྱུར་གསར་གཏོད་བྱེད་པའི་ལོ་བརྒྱ་བཅས་ཡིན།”ཞེས་གསུང་ཡོད་པས།འདས་སོང་གི་དཀའ་སྤྱད་ལམ་བུར་ཕྱིར་མིག་ལྟ་བ་དང་། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་སྐབས། ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཕྱོགས་སྡོམ་གང་ལེགས་བྱས་ནས་ཏང་གི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས།

ཏང་གི་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱས་པའི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་བའི་ལོ་རྒྱུས་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་ལོ་རྒྱུས་ཡིན།” ལོ་བརྒྱ་ཡི་རིང་རང་རེའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་། རྨང་གཞི་བརྟན་སྲུང་དང་བདེན་སྐྱོང་གསར་སྐྲུན་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གོ་རྟོགས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཤིང་། མའོ་ཙེ་ཏུང་གི་དགོངས་པ་དང་ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་བྱུང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བྱུང་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་གནང་ཡོད། ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་སྐབས་མར་ཁེ་སི་རིང་ལུགས་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཤེས་དགོས་པ་དང་། ཀྲུང་གོ་མི་དམངས་ཀྱིས་མར་ཁེ་སི་རིང་ལུགས་ཇི་ལྟར་གདམ་གསེས་དང་དང་ལེན་བྱས་པ་དང་། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཇི་ལྟར་ཟུང་འབྲེལ་བྱས་པ། མར་ཁེ་སི་རིང་ལུགས་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཀྱིས་ཇི་ལྟར་ཀྲུང་གོ་དང་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་མོ་བཏང་ཚུལ་ཤེས་རྟོགས་བྱེད་དགོས། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ཟུང་འབྲེལ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་མོ་བླངས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་ཀླད་པར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་བཅས་གཏོང་དགོས།

ཐོག་མཐའ་བར་གསུམ་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ལོ་རྒྱུས་ཤིག་དང་། ཏང་དང་མི་དམངས་ཀྱི་སེམས་དང་བསམ་པ་སྦྲེལ་བ་དང་། དབུགས་མཉམ་ལེན། ལས་དབང་མཉམ་རོལ་བྱེད་པ་བཅས་ཀྱི་ལོ་རྒྱུས་ཤིག་ཡིན། ”ཞེས་གསུངས་ཡོད་ལ་སྲིད་ཀྱི་དར་རྒུད་དམངས་ལ་བརྟེན། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་ཞེས་པ་ལྟར། ཏང་གི་ཤི་གསོན་དེ་མི་དམངས་ཀྱི་བསམ་པའི་འཁོར་ཕྱོགས་ལ་རག་ལས་པ་ནི་ལོ་རྒྱུས་ལས་ར་སྤྲོད་གང་ལེགས་བྱས་ཡོད། མི་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ན། རང་རེའི་ཏང་གིས་དཀའ་ངལ་གང་ཡང་སེལ་ཐུབ་པ་དང་ཕྱོགས་གང་དུ་བསྐྱོད་ཀྱང་རྒྱལ་ཁ་ལེན་ཐུབ། ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཏང་གི་ངོ་བོ་དང་དམིགས་ཡུལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཐམས་ཅད་མི་དམངས་ཀྱི་ཆེད་དང་ཐམས་ཅད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཁོང་དུ་འཇོག་པ་དང་།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩི་བ། བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་པོ་དྲང་གཞག་ངང་མི་དམངས་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་གཅིག་གྱུར་ཡོང་བའི་སྟོབས་ཤུགས་ཆེན་མོ་གཅིག་ཏུ་བསྒྲིལ་དགོས།

ཏང་གི་འབད་བརྩོན་ལྷོད་མེད་ཀྱི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་བརྒྱའི་ཐུན་མོང་མ་ཡིན་པའི་འབད་འཐབ་ཀྱི་ལོ་རྒྱུས་གོ་རིམ་ཁྲོད། མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་གུང་ཁྲན་ཏང་མིས་འབད་འབུངས་ཡར་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པར་བརྟེན་ནས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་འབོར་ཆེན་ཞིག་དང་། དཔའ་ངར་ཞུམ་མེད་སྒོས་འབད་བརྩོན་བྱེད་བཞིན་པའི་དཔའ་བོ་འབོར་ཆེན་ཞིག རང་དོན་རྒྱབ་ཏུ་བསྐྱུར་ཏེ་གསོལ་འབུལ་བྱེད་ཕོད་པའི་སྔོན་ཐོན་དཔེ་བཟང་མི་སྣ་འབོར་ཆེན་ཞིག་བྱུང་སྟེ། རླབས་ཆེན་སྙིང་སྟོབས་རབ་དང་རིམ་པ་གྲུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་བསྐྲུན་ནས། རང་རེའི་ཏང་འཛུགས་སྐྱོང་དང་ཏང་དར་སྤེལ་དང་ཏང་སྟོབས་ཆེན་དུ་གཏོང་བར་ཕུན་སུམ་ཚོགས་པའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད”ཅེས་གསུངས་ཡོད་པས།ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་ན།ནུས་ཤུགས་ཡོད་རྒུས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་། གསར་བརྗེའི་གཞི་རྒྱུད་རྒྱུན་འཛིན་བྱེད་པ། གུང་ཁྲན་ཏང་མིའི་སྙིང་སྟོབས་ཁྲག་རྒྱུན་རྒྱུན་མཐུད་བྱས་ནས། གསར་བརྗེ་པའི་ཞུམ་མེད་འབད་འཐབ་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་བརྒྱུད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྙིང་སྟོབས་སྤེལ་དགོས།

ཏང་གི་རང་ངོས་འཛུགས་སྐྲུན་གྱི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་རང་རེའི་ཏང་གིས་ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱས་པ་དང་། ཁ་ཐོར་དང་རུལ་སུངས་སུ་འགྱུར་བའི་ཉེན་ཁ་མུ་མཐུད་དུ་དོགས་ཟོན་བྱས་པའི་ལོ་རྒྱུས་ཡིན། རང་རེའི་ཏང་ནི་གོམ་པ་རེ་རེ་སྤོས་ནས་འོངས་པ་ཡིན་མོད།ཆེས་གནད་འགག་ནི་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་འཇོན་ནུས་ཆེ་རུ་བཏང་བ་དང་། ཉེན་ཁར་ཁ་གཏད་འཇལ་བ་དང་འགྲན་སློང་བསུ་བ། ཉེན་ཁ་བདེ་ལ་བསྒྱུར་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་དེ་རེད”ཅེས་གསུངས་ཡོད་པས།ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱས་པ་བརྒྱུད་ཏང་འཛུགས་སྐྲུན་བྱེད་པའི་གནད་དོན་དངོས་ཐག་གཅོད་བྱེད་པར་དམིགས་ནས། ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་བཀག་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་པ་ནས་མགོ་བརྩམས་ཏེ།ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ཏང་གིས་ལེགས་འགྲུབ་ངང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་པ་དང་། བསམ་བློའི་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག་ཡག་པོ་བྱས་ཏེ། འཐབ་རྩོད་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་སྐྱོང་སྲིད་གཉེར་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

ཏང་གི་ཆབ་སྲིད་སྦྱོང་བརྡར་སྐོར་གྱི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་དོ་སྣང་དང་། ཏང་གི་མཐུན་སྒྲིལ་དང་གཅིག་བསྡུས་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་པ་ནི་ཏང་གི་ཚེ་སྲོག་ལྟ་བུ་ཡིན་ལ། རང་རེའི་ཏང་དེ་ལོ་བརྒྱའི་ཏང་སྟོབས་ཆེན་དུ་གྱུར་པ་དང་། དུས་རབས་ཀྱི་བྱ་གཞག་རླབས་ཆེན་བསྐྲུན་པའི་འགག་རྩ་ཡང་ཡིན།”ཞེས་གསུངས་ཡོད་པས།ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་ན། ཏང་གི་ལོ་རྒྱུས་ཁྲོད་ནས་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་བླངས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་ལྟ་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ་ཏང་ཡོངས་རྡོག་རྩ་གཅིག་སྒྲིལ་ངང་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས།

ཏང་གི་ལོ་རྒྱུས་ཇི་ལྟར་སློབ་སྦྱོང་བྱེད་དགོས།

ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། ཏང་གི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་ཞིག་འཛུགས་པ་དང་ཚན་རིག་དང་མཐུན་པའི་སློབ་སྦྱོང་བྱེད་ཐབས་སྤྱོད་རྒྱུ་ནི་གནད་ཀྱི་དམ་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རེའི་ཏང་གི་ལོ་རྒྱུས་གནད་དོན་སྐོར་གྱི་གྲོས་ཆོད་གཉིས་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་གཙོ་ཐིག ངོ་བོ་གཙོ་བོ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། ཏང་གི་ལོ་རྒྱུས་སྟེང་གི་དོན་རྐྱེན་གལ་ཆེན་དང་གྲོས་ཚོགས་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པར་གདེང་འཇོག་བྱེད་དགོས”པ་ནན་གྱིས་བསྟན་ཡོད།

ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་གཙོ་ཐིག་ནི་ཅི་ཡིན་ཞེ་ན། ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱི་མདུན་དུ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་ཡོང་བ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གཉིས་ལྷགས་ཡོད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་འདི་གཉིས་ལེགས་འགྲུབ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། དེ་ནི་ཏང་གི་ལོ་རྒྱུས་འཕེལ་རྒྱས་སུ་གཏོང་བའི་བརྗོད་བྱ་གཙོ་བོ་དང་གཙོ་ཐིག་ཡིན། ཏང་གི་ལོ་རྒྱུས་ཀྱི་ངོ་བོ་གཙོ་བོ་ཅི་ཞིག་ཡིན་ཞེ་ན། ཏང་གི་ལོ་རྒྱུས་ནི་ཏང་གིས་བློ་མཐུན་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་མགོ་ཁྲིད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་རྒྱུན་ཆད་མེད་པར་འབད་འཐབ་ལྷོད་མེད་བྱས་པའི་ལོ་རྒྱུས་ཡིན་པ་དང་།ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལམ་བུ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཡིན།ཏང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་རྒྱུན་སྲུང་དང་འཕེལ་རྒྱས་བཏང་ནས་ཉེན་ཁ་དང་འགྲན་སློང་ཉམས་སད་སྣ་ཚོགས་མུ་མཐུད་དུ་བརྒྱུད་དེ་འཕེལ་རྒྱས་རྒྱ་སྐྱེད་གཏོང་བའི་ལོ་རྒྱུས་ཤིག་ཀྱང་རེད།མདོར་བསྡུས་ནས་བཤད་ན། དེ་ནི་འབད་འཐབ་ལྷོད་མེད་ཀྱི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་འཚོལ་ཞིབ་ཀྱི་ལོ་རྒྱུས། རང་ངོས་འཛུགས་སྐྲུན་གྱི་ལོ་རྒྱུས་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ཐད་གནང་བའི་རྣམ་བཤད་གསར་པ་ལ་གཞིགས་ན། ཏང་གི་ལོ་རྒྱུས་ནང་ད་དུང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པའི་ལོ་རྒྱུས་དང་ཆབ་སྲིད་སྦྱོང་བརྡར་བྱས་པའི་ལོ་རྒྱུས་ཀྱི་ནང་དོན་ཡང་ཚུད་ཡོད། ཏང་གི་ལོ་རྒྱུས་ཀྱི་ངོ་བོ་གཙོ་བོ་ནི“ལོ་རྒྱུས་ལྔ”མཐའ་གསལ་མཐིལ་གསལ་དང་གཅིག་གྱུར་ཡོང་བ་བྱེད་དགོས་པ་དེ་རེད།ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། ཏང་གི་ལོ་རྒྱུས་གོང་དུ་འཕེལ་བའི་བརྗོད་དོན་གཙོ་བོ་དང་གཙོ་ཐིག ངོ་བོ་གཙོ་བོ་བཅས་ཁོང་དུ་ཆུད་པར་བྱས་ན། ད་གཟོད་སློབ་སྦྱོང་གི་སྤྱིའི་རྩ་འཛིན་འཛིན་ཐུབ་པར་མ་ཟད། ནང་དོན་བྱེ་བྲག་རིམ་བཞིན་ཁོང་དུ་ཆུད་ཐུབ་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“དར་ཆ་གསལ་སྒྲེང་གིས་ལོ་རྒྱུས་ཀྱི་བདེན་མེད་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། བསམ་བློའི་ཁྲིད་སྟོན་དང་རིགས་པའི་གཞུང་ལུགས་ཀྱི་དབྱེ་ཞིབ་ལ་ཤུགས་བསྣན་ནས་སྔར་ལས་ལེགས་པའི་སྒོ་ནས་གཞི་སྒྱུར་རྩ་སྒྱུར་དང་རྨང་བརྟན་ཟུངས་སྐྱེད་བྱེད་དགོས།”ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་དངོས་གཙོའི་ལོ་རྒྱུས་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་ལ་སློབ་སྦྱོང་བྱེད་ན་གནས་ལུགས་རྟོགས་པ་དང་། ཡིད་ཆེས་བསྐྱེད་པ། སྤྱོད་བཟང་དར་སྤེལ། ཉམས་ལེན་འབད་སྒྲུབ་བཅས་བྱེད་དགོས་པའི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས་དཔའ་ངར་ཆེ་རུ་སྐྱེད་པ་དང་ཁ་ཕྱོགས་གསལ་པོ་གཏན་འཁེལ་བྱེད་པ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་ཚུལ་ལ་བརྟེན་ནས་དད་མོས་ཇེ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་བློ་གྲོས་སྐྱེད་པ་དང་སྤྱོད་ལམ་ཡག་པོར་གཏོང་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།