ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པ་དང་མཉམ་དུ་བརྙན་རིས་མཐོ་རིམ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི། འཇར་མན་བཅས་ཀྱི་མགོ་ཁྲིད་པའི་བརྙན་རིས་མཐོ་རིམ་གྲོས་ཚོགས་བསྡུས། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་མཉམ་ལས་ལ་བརྟེན་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ། རིམས་འགོག་མཉམ་ལས། དེ་མིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་མཛད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བདག་གིས་ནམ་རྒྱུན་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་འདོད་བློ་བཏོན་པ་དང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ནས་ཧྥ་རན་སི་དང་འཇར་མན་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། བདག་གིས་ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་སྔོན་དབྱང་གཉིས་ཐན་འགྱུར་གྱི་ཕྱིར་གཏོང་ཚད་ཚད་ལྡན་དུ་གཏོང་བ་མངོན་འགྱུར་དང་ཉིས་སྟོང་དྲུག་ཅུ་ལོའི་སྔོན་ཐན་གཏོང་ཚད་ཚད་ལྡན་དུ་གཏོང་བ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། དེ་ལས་ཀྲུང་གོ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། འཛམ་གླིང་ཡོངས་ཀྱི་ཆེས་དྲག་པའི་ཐན་ཕྱིར་གཏོང་གི་ཚད་ཆེས་དམའ་བའི་ཚད་ཡོངས་འགྲུབ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ལོ་རྒྱུས་སྟེང་དུས་ཡུན་ཆེས་ཐུང་ངུའི་ནང་ཐན་ཕྱིར་གཏོང་ཚད་ཚད་ལྡན་ཡོང་བ་མངོན་འགྱུར་བྱེད་རྒྱུ་ཡིན་པས་དེ་ནི་དཀའ་ཁག་ཆེ་བའི་དམིགས་འབེན་ཞིག་རེད། 

ཀྲུང་གོའི་ཕྱོགས་ཀྱིས་འདྲ་མཉམ་དང་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲི་དང་རང་རང་གི་འགན་ནུས་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་དང་དེའི་ཕཱ་རེ་སིའི་གྲོས་ཆོད་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་ནམ་ཟླའི་འགྱུར་ལྡོག་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་སྤེལ་རྒྱུ་ཡིན། དར་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་པས་ཐན་འདོན་ཇེ་ཉུང་དུ་གཏོང་བའི་འགུལ་སྐྱོད་ཤུགས་ཚད་ཀྱིས་དཔེ་སྟོན་བྱེད་པ་དང་། སྣེ་ཁྲིད་ནས་ནམ་ཟླའི་འགྱུར་ལྡོག་ཐད་ཀྱི་མ་དངུལ་གཏོང་བའི་དམ་བཅའ་ལག་བསྟར་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ལག་རྩལ་དང་ནུས་པའི་འཛུགས་སྐྲུན་སོགས་ཐད་ནས་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། 

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཡིས་ཀྲུང་གོས་ཁྱབ་སྒྲོག་བྱས་པའི་ཉིས་སྟོང་དྲུག་ཅུ་ལོའི་སྔོན་ཐན་གཏོང་ཚད་ཚད་ལྡན་དུ་གཏོང་བ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། དམ་བཅའ་གལ་ཆེན་དེ་ལས་ཀྲུང་གོའི་ཕྱོགས་ཀྱིས་རང་འགུལ་སྒོས་འགན་འཁྲི་གཙོ་བོ་ཁུར་དུ་ལེན་རྒྱུ་ཁས་ལེན་བྱས་པ་མཚོན་ཡོད། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཧྥ་རན་སི་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ནས་ཨ་ཧྥེ་རི་ཁ་གླིང་དུ་ལྷད་མེད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགན་འཁྲི་ཞི་འཇགས་སུ་གཏོང་བའི་ཐད་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཧྥ་རན་སི། ཀྲུང་གོ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་ལས་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་རང་བདག་དམིགས་འབེན་ཁྱབ་སྒྲོག་བྱས་པར་འགྲན་རྩོད་དང་སྤོབས་པས་ཁེངས་ཡོད་ལ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་གལ་འགངས་ཆེ་བ་དང་། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་སྲིད་ཇུས་འབྲེལ་འདྲིས་དང་སྦྲེལ་མཐུད་ལ་ཤུགས་སྣོན་འདོད་ཡོད་ཟེར། 

རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གཅིག་གྱུར་སྒོས་བལྟས་ན། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ཕཱ་རེ་སིའི་གྲོས་ཆོད་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་པ། མཉམ་དུ་འདྲ་མཉམ་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་བཅོས་སྐྱོང་མ་ལག་བཙུགས་ཏེ། མགོ་ཁྲིད་པའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་དོ་མཉམ་དང་དངོས་གཉེར་གྱི་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་པ་དང་། ནམ་ཟླའི་སྲིད་ཇུས་ཀྱི་གྲོས་མོལ་དང་ལྷད་མེད་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཀྱི་གཞོགས་འདེགས་གཙོ་བོར་འགྱུར་བར་བྱེད་དགོས། ཁུང་མེན་གྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་བཅོ་ལྔ་བ་དང་ཀི་ལཱ་སི་ཁོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་དྲུག་པ། མཱ་སེ་སྐབས་བདུན་པའི་འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་སོགས་ཕྱོགས་མང་བོའི་གྲོས་རིམ་བཅས་བཟང་བོར་བསྒྲུབ་པར་གཅིག་གྱུར་བཀོད་འདོམ་བྱས་ནས་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་རྣམ་པ་གསར་བ་བསྐྲུན་དགོས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་མཁོ་འདོན་དེ་ཕན་ནུས་མཐོ་ཞིང་དག་གཙང་། སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་པར་འདོད། 

དབྱང་ཅེ་ཁྲི་དང་། ཝང་དབྱེ། ཧི་ལི་ཧྥུན་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།