རང་རྒྱལ་གྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད56.1%ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རྩྭ་ཐང་སིའི་སི་ཀྲང་ཐང་ཧྥང་ལིན་གྱིས་བསྟན་དོན། རང་རྒྱལ་གྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད56.1%ཟིན་པ་དང་། དེ2011ལོ་ལས་བརྒྱ་ཆའི་ཚེག5ཙམ་འཕར་ཡོད།

ཁོང་གིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཚེས14ཉིན་འཚོགས་པའི་2021ལོའི་དུས་ཚིགས་གཉིས་པའི་རྒྱུན་ལྡན་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་གནས་ཚུལ་བསྟན་པ་རེད།

ཐང་ཧྥང་ལིན་གྱིས་བཤད་རྒྱུར། དུས་ཡུན་རིང་པོའི་ནང་། རྩྭ་ཐང་སྤྱོད་ཆེ་ཤིང་སྲུང་སྐྱོང་ལ་སྣང་ཆུང་བྱས་པ་དང་། ཚུར་ལེན་མང་ལ་གཏོང་འཇོག་སྣང་མེད་དུ་བཏང་། ཕྱུགས་རིགས་ཚད་ལས་བརྒལ་ནས་འཚོས་པ་དང་། གནས་གཤིས་འགྱུར་ལྡོག་བཅས་ཀྱི་རྐྱེན་གྱིས90%ཡི་རྩྭ་ཐང་ཚད་གཞི་མི་འདྲ་བའི་ངང་ཞན་འགྱུར་ཏུ་སོང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་གནས་སོ་སོས་རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་པས། སྤྱིའི་ཆ་ནས་རྩྭ་ཐང་ཉམས་ཞན་དུ་འགྲོ་བར་བཀག་འགོག་རགས་ཙམ་ཐུབ་ལ། ས་ཁུལ་ཁག་གཅིག་གི་རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད།

རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ལས་དོན་ལ་སྔར་ལས་ལྷག་པའི་འཛུབ་སྟོན་གནང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་འགའ》པར་འགྲེམས་བྱས་ནས། རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། རྩྭ་ཐང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། རྩྭ་ཐང་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་གཏོང་བ། རྩྭ་ཐང་ལུགས་མཐུན་ངང་སྤྱོད་པར་སྐུལ་འདེད་གཏོང་བ། རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས་པར་བསྟན།  

ཐང་ཧྥང་ལིན་གྱིས་བསྟན་དོན། མིག་སྔར། རྩྭ་ཐང་གི་སྐྱེ་ཁམས་མ་ལག་སྔར་བཞིན་ཉམས་ཞན་ཡིན་པ་དང་ཞན་འགྱུར་དུ་འགྲོ་བའི་གནས་ཚུལ་སྔར་བཞིན་ཛ་དྲག་ཡིན། རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ལས་ཀ་དེ་རི་འཛེག་འགག་བརྒལ་དང་མདུན་སྐྱོད་མེད་ན་ཕྱིར་བཤོལ་ཡིན་པའི་གནད་འགག་ཆེ་བའི་དུས་རིམ་དུ་གནས་ཡོད། རྗེས་མར་བསམ་འཆར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ནགས་(རྩྭ)དཔོན་གྱི་ལམ་ལུགས་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། རྩྭ་ཐང་འགན་གཙང་གཉེར་སྐྱོང་དང་། གཞི་རྩའི་རྩྭ་ཐང་སྲུང་སྐྱོང་། རྩྭ་ཕྱུགས་དོ་མཉམ། ཕྱུགས་བཀག་ཕྱུགས་འཇགས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་གྱི་དཔྱད་ཞིབ་དམིགས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ནས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ལོ་རེའི་དམིགས་ཚད་དཔྱད་ཞིབ་ནང་བཅུག་ནས་ས་གནས་ཀྱི་འགན་འཁྲི་ཇེ་ནན་དུ་གཏོང་དགོས། དུས་མཚུངས་སུ། སྡེ་ཁག་བར་གྱི་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཧུར་ཐག་གིས་རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་སྤྱོད་པ། རྩྭ་ཐང་སྣོད་བཅུད་སླར་གསོ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། རྩྭ་ཐང་ཐོན་ཁུངས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་སྤྱོད་པ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།