ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་བྱས་ཏེ་རྨ་ཆུའི་སྲུང་སྐྱོབ་ཁྲིམས་འཛུགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།    རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་གསུམ་ཉིན་ཧྲན་ཞི་ཞི་ཨན་ནས་འགོ་འཛིན་བྱས་ཏེ་རྨ་ཆུའི་སྲུང་སྐྱོབ་ཁྲིམས་འཛུགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུ་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།    ཁྲིམས་འཛུགས་འདུ་ཤེས་སྔར་ལས་གཅིག་སྡུད་བྱེད་པ།   ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ།   རྨ་ཆུ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   མི་དམངས་ཕྱུག་བསྒྱུར་བྱེད་པ་བཅས་ཀྱི་ཁྲིམས་སྲོལ་བཟང་བོ་ཞིག་གཏན་འཁེལ་བྱེད་དགོས་ཞེས་ནན་བསྟན།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་རྨ་ཆུ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་མཛུབ་སྟོན་དང་བླང་བྱ་གལ་ཆེན་བཏོན་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མཛུབ་ཁྲིད་དང་བསྲུང་བྱ་འདོན་སྤྲོད་བྱས།   རྨ་ཆུ་སྲུང་སྐྱོབ་ཁྲིམས་འཛུགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ནང་གང་ལེགས་ཀྱིས་མངོན་པར་བྱེད་དགོས་པ་དང་།  ལག་ལེན་ལས་ར་སྤྲོད་བྱས་པའི་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་ཐད་ཀྱི་ནུས་ཡོད་སྲིད་ཇུས་དང་ནང་རྐྱེན།   ལམ་ལུགས་བཅས་ལ་ཁྲིམས་འཛུགས་ཁས་ལེན་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། རྨ་ཆུ་སྲུང་སྐྱོབ་ཁྲིམས་འཛུགས་ཀྱིས་ཆུ་དང་བཞུར་རྒྱུད་གཉིས་ལ་དམིགས་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཡུན་རིང་དོ་མཉམ་དང་རང་བྱུང་ཐོན་ཁུངས་ཀྱི་ཡུན་རིང་བཀོལ་སྤྱོད།  མི་དམངས་མང་ཚོགས་ཀྱི་ཡུན་རིང་བདེ་སྡོད་བཅས་ཀྱི་ཐད་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།  གཅིག་ནི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་འབུར་དུ་ཐོན་པར་བྱེད་དགོས།  གཉིས་ནི་བཞུར་རྒྱུད་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་འཆར་འགོད་འབུར་དུ་ཐོན་པར་བྱེད་དགོས།  གསུམ་ནི་བཞུར་རྒྱུད་ཡོངས་ཀྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བཀོལ་སྤྱོད་འབུར་དུ་ཐོན་པར་བྱེད་དགོས།  བཞི་ནི་བཙོག་བཟོའི་མ་ལག་བཅོས་སྐྱོང་འབུར་དུ་ཐོན་པར་བྱེད་དགོས།   ལྔ་ནི་ཆུ་དང་བྱེ་མ་ཚོད་འཛིན་བྱེད་པའི་གཙོ་གནད་འདི་འབུར་དུ་ཐོན་པར་བྱེད་དགོས།  དྲུག་ནི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁའི་དོ་དམ་ཚོད་འཛིན་འབུར་དུ་ཐོན་པར་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན།  རྨ་ཆུ་སྲུང་སྐྱོབ་ཁྲིམས་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཙོ་གནད་གཉིས་དམ་འཛིན་བྱེད་དགོས་ཏེ།  གཅིག་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་རྒྱུ་དེ་ཡིན་པ་དང་།   གཉིས་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན།   གཙོ་གནད་ནི་སྲུང་སྐྱོབ་དང་བཅོས་སྐྱོང་ཡིན་པ་དང་།   རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་གཙོ་བོ་ཡིན་པས།   བཅའ་ཁྲིམས་ནང་རྨ་ཆུའི་རིག་གནས་ཀྱི་རྒྱུན་འཛིན་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ད་རུང་ཧྲན་ཞི་རུ་རྨ་ཆུའི་སྲུང་སྐྱོབ་ཁྲིམས་འཛུགས་བྱ་བ་སྤེལ་བའི་ཐད་ལ་རྟོག་ཞིབ་བྱས་པ་དང་།  བསམ་འཆར་དང་གྲོས་གཞི་ལ་ཉན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།