ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རའི་གཙོ་གཞི་ཐོ་འགོད་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ་ཚོང་རའི་གཙོ་གཞི་གསོ་སྐྱོང་དང་རྒྱ་ཆེར་གཏོང་བ་དང་འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས།

ཚོགས་ཐོག་ནས་བསྟན་དོན། ཚོང་རའི་གཙོ་གཞི་གསོ་སྐྱོང་དང་རྒྱ་ཆེར་གཏོང་བ་དེ་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་འབྲེལ་བ་ཆེན་པོ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཉེ་བའི་ལོ་འགའི་རིང་ལ་ཚོང་དོན་ལམ་ལུགས་སོགས་བཅོས་སྒྱུར་བྱས་པ་བརྒྱུད། ཚོང་རའི་གཙོ་གཞི་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཚོང་གཉེར་ཁྱིམ་ཚང་བྱེ་བ་དྲུག་ལྷག་འཕར་སྣོན་བྱུང་ཞིང་དཔལ་འབྱོར་གྱི་གསོན་ཤུགས་དང་མཉེན་ཆ་ཇེ་དྲག་ཏུ་གྱུར་བ་དང་། ལས་ཞུགས་ཇེ་མང་དུ་འགྲོ་བར་སྐུལ་འདེད་བཏང་། གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཕན་ནུས་ལྡན་པའི་སྒྲུབ་སྟངས་དེ་ལམ་ལུགས་ཚད་ལྡན་དང་ལྷག་པར་དུ་ཚོང་རའི་གཙོ་གཞིའི་ཐོ་འགོད་དོ་དམ་འཐུས་ཚང་དུ་གཏོང་བའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་མཐོར་འདེགས་སུ་གཏོང་དགོས། ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རའི་གཙོ་གཞི་ཐོ་འགོད་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ་ཚོང་རའི་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་ལས་སྐྲུན་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། ཚོང་རའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།