ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་སྲུང་སྐྱོང་སྐོར་གྱི་ཁྲིམས་འཛུགས་ལས་དོན་ཇེ་མགྱོགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127328417_16183676374391n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས13ཉིན་ཞི་ཨན་ནས་རྨ་ཆུ་སྲུང་སྐྱོང་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་སྔར་ལས་ལྷག་པར་ཁྲིམས་འཛུགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ཏེ། ཁྲིམས་འཛུགས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། རྨ་ཆུར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལེགས་པོ་ཞིག་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་བཟང་པོ་ཞིག མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བཅའ་ཁྲིམས་ཡག་པོ་ཞིག་བཅས་གཏན་འབེབས་བྱ་རྒྱུ་ཡིན་པར་བསྟན། རྒྱུས་ལོན་པ་ལྟར་ན། རྨ་ཆུ་སྲུང་སྐྱོང་ཁྲིམས་འཛུགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད། འབབ་ཡུལ་ཡོངས་ཀྱི་ཆུའི་ཐོན་ཁོངས་གྲོན་ཆུང་བེད་སྤྱོད། སྦགས་བཙོག་མ་ལག་བཅོས་སྐྱོང་། ཆུ་དང་བྱེ་མ་ཚོད་འཛིན། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་ཁའི་ཚོད་འཛིན་སོགས་འབུར་དུ་བཏོད་རྒྱུ་ཡིན་ཞིང་། ཚད་ལས་བརྒལ་ཏེ་ཐེ་གཏོགས་དང་བེད་སྤྱོད་བྱེད་པ་ནས་རང་བྱུང་ཉམས་གསོ་དང་སོར་ཆུད་སྐྱེ་འཕེལ་ལ་བསྒྱུར་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་ཞན་གནས་བབ་བསྒྱུར་བཅོས་བྱས་ནས། རྨ་ཆུའི་སྟོད་རྒྱུད་དང་བར་རྒྱུད་སྨད་རྒྱུད་བཅས་ལ་རྣམ་པ་མི་འདྲ་བའི་སྲུང་སྐྱོང་བཅོས་སྒྲིག་བྱེད་ཐབས་སྤྱད་དེ། ཆེས་གཟབ་ནན་ཅན་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལམ་ལུགས་དང་། ཆེས་གཟབ་ནན་གྱི་ཁོར་ཡུག་ལྟ་སྐུལ་ལམ་ལུགས། ཆེས་ཚགས་དམ་པོའི་ཆུའི་སྦགས་བཙོག་འགོག་བཅོས་ལམ་ལུགས་འཛུགས་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།