སྡེ་ཁག་དྲུག་གིས་བརྡ་སྦྱོར་བཏང་ནས་སྟོབས་ཤུགས་ཡོད་རྒུས་པྲོག་གསར་གློ་ཚད་འགོག་ཁབ་དངོས་ཟོག་སྐྱེལ་འདྲེན་ལ་འགན་སྲུང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་སྤྱི་བདེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དྲུག་གིས་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་འགོག་ཁབ་ཀྱི་དངོས་ཟོག་སྐྱེལ་འདྲེན་རྩ་འཛུགས་དང་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པར་བཀོད་སྒྲིག་བྱས། བརྡ་སྦྱོར་ལས། ས་གནས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བླང་བྱ་དང་མཐུན་པའི་གནས་ཚུལ་འོག  གཅིག་གྱུར་ཨང་གྲངས་བཟུང་ཡོད་པའི་ཁྲིམས་མཐུན་འགོག་ཁབ་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ལ། རིན་མེད་ངང་བསྐྱོད་ཆོག་ལ། གང་འདོད་དུ་བཀག་འགོག་དང་རྩད་ཞིབ་བྱས་མི་ཆོག

བརྡ་སྦྱོར་ལས། ས་གནས་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཁག་གིས་ས་གནས་ཀྱི་འཕྲོད་བསྟེན་བདེ་ཐང་དང་སྨན་རྫས་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་དང་མཉམ་དུ། སྨན་རྫས་འཁྱགས་ཉར་བགྲོད་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་རང་འགུལ་ངང་གཙོ་གནད་འགོག་ཁབ་ཐོན་སྐྱེད་ཁེ་ལས་དང་། ནད་རིགས་འགོག་བཅོས་ཚོད་འཛིན་སྡེ་ཁག་བཅས་དང་ལྷན་དུ་སྐྱེལ་འདྲེན་རྩ་འཛུགས་མཐུན་སྦྱོར་སྒྲིག་སྲོལ་ཆགས་པར་སྐུལ་འདེད་གཏོང་བ་དང་། ལྕགས་ལམ་དང་མཁའ་འགྲུལ་སོགས་སྡེ་ཁག་དང་མཉམ་དུ་འགོག་ཁབ་འཁྱགས་ཉར་དངོས་ཟོག་འཁོར་རྒྱུག་ཁེ་ལས་ལ་མཛུབ་སྟོན་བྱས་ནས་སྐྱེལ་འདྲེན་ཞབས་ཞུའི་དྲ་རྒྱ་རྒྱ་བསྐྱེད་དེ། དབུས་ནུབ་རྒྱུད་ས་ཁུལ་གྱི་ཞབས་ཞུ་ཡོངས་སུ་ཁྱབ་པར་ཤུགས་སྣོན་བྱས། སྤྱི་བའི་ལྕགས་ལམ་འཐུས་ཚང་དང་སྤྱི་བའི་མཁའ་འགྲུལ་མཉམ་འབྲེལ་བྱེད་པ། མཚོ་འགག་སོགས་ཆུ་ཁོངས་ཀྱི་འགོག་ཁབ་སྐྱེལ་འདྲེན་རླངས་འཁོར་གྱི་སྐྱེལ་འདྲེན་བྱེད་ཐབས་ཞིབ་འཇུག་དང་འཐུས་ཚང་དུ་བཏང་སྟེ། རྣམ་པ་མང་པོའི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཕན་འབྲས་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས། ས་གནས་སོ་སོའི་སྨན་རྫས་ལྟ་སྐུལ་སྡེ་ཁག་གིས་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་མཉམ་དུ་ཁྲིམས་ལྟར་འགོག་ཁབ་ཚོང་རར་བཀྲམ་པའི་ཐོབ་ཐང་བཟུང་མཁན་དང་། ཐོན་སྐྱེད་ཁེ་ལས་དང་། སྡེབ་སྒྲིག་ལས་ཁུངས་ཀྱིས་བཅའ་ཁྲིམས་གཏན་སྲོལ་དང་ཚད་གཞི་ཚད་ལྡན་དུ་བཏང་ནས། སྤུས་ཚད་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རྒྱལ་ནང་གི་འགོག་ཁབ་ལ་ཆ་འཕྲིན་ཅན་གྱི་རྗེས་སྙེག་བེད་སྤྱོད་བྱས་ཏེ། འགོག་ཁབ་བགྲོད་ལམ་སྐྱེལ་འདྲེན་གྱི་གོ་རིམ་ཧྲིལ་བོར་གཏན་འཁེལ་བྱས་པའི་དྲོད་གྲངས་ཁོར་ཡུག་ཏུ་འཇོག་པར་ཁག་ཐེག་བྱེད་དགོས་པ་གསལ་བོར་བསྟན་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།